བྱ་ཕོ་ལའི་རྩེ་ནས་འཁྲུངས་པའི་ཤེས་རབ་ཀྱི་འོད་ཟེར།
——མལ་གྲོ་གུང་དཀར་རྫོང་ཐང་སྐྱ་ཤང་སྟག་ཕུ་གྲོང་ཚོའི་དབུས་སྟོད་སྟག་ཕུའི་ཆུ་འདྲེན་ཉི་ཐིག་གི་སྐོར་བཀོད་པ།
སྤྱི་ཟླ་གསུམ་པའི་ཚེས་དགུ་ཉིན་གྱི་ཞོགས་པའི་ཉི་ཤར་མཚམས་སུ། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ཐང་སྐྱ་ཤང་སྟག་ཕུ་གྲོང་ཚོར་མི་ཚོགས་ཀྱིས་ཁེངས། གྲོང་ཚོ་དེའི་ཕུ་རུ་ཆགས་པའི་སྟག་ཕུ་དགོན་པའི་རྒྱབ་ཕྱོགས་ཀྱི་བྱ་ཕོ་ལའི་རྩེ་མོ་ནས་རྟ་བདུན་དབང་པོའི་འཛུམ་ཞལ་གྲོལ་མ་ཐག ཉི་གཞོན་གྱི་ཟེར་ཐིག་རི་འདབས་སུ་གནས་པའི་སྟག་ཕུ་སྤྱི་ཁང་གི་ཐོག་ཁའི་སྐར་ཁུང་བརྒྱུད་ནས་ཐད་ཀར་གཤམ་འོག་གི་རྡོ་འབུར་སྙིང་དང་འདྲ་བ་གང་དེའི་རྩེ་མོར་ཞྭ་མོ་གཡོགས་པ་ལྟར་འཕྲོས་པས། དེར་འདུས་ཀུན་གྱི་ངག་ལས་དགའ་བའི་འབོད་སྒྲ་གྲགས།
དེ་ནི་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་ནས་བསྒྲིགས་པའི་བོད་ཀྱི་ལོ་ཐོར་འཁོད་པའི་དབུས་སྟོད་སྟག་ཕུའི་ཆུ་འདྲེན་ཉི་ཐིག་ཅེས་བྱ་བ་ཡིན་ཞིང་། དེ་ཉིན་ཡུལ་དེའི་མང་ཚོགས་དང་། ཐང་སྐྱ་ཤང་ལྟེ་བའི་སློབ་ཆུང་གི་སློབ་མ། མལ་གྲོ་གུང་དཀར་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱི་ལས་དོན་པ་དང་། དེ་བཞིན་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གནམ་རིག་སྐར་རྩིས་ཞིབ་འཇུག་སུའོ་ཡི་གནམ་རིག་ཞིབ་འཇུག་པ་སོགས་གནས་དེར་ལྷན་དུ་འཛོམས་ནས། དབུས་སྟོད་སྟག་ཕུའི་ཆུ་འདྲེན་ཉི་ཐིག་ཟིན་པར་མཉམ་དུ་དཔང་པོ་བྱས།
དེ་ཡང་། དབུས་སྟོད་སྟག་ཕུའི་ཆུ་འདྲེན་ཉི་ཐིག་ནི་བོད་ཀྱི་གནམ་རིག་སྐར་རྩིས་ཀྱི་ཆ་ལག་དུས་གཟེར་རམ་དུས་བརྟག་གནམ་དཔྱད་ཀྱི་བྱེ་བྲག་ཅིག་ཡིན་པ་དང་། ལོ་རྒྱུས་ཡུན་རིང་ལྡན་པའི་དུས་བརྟག་གནམ་དཔྱད་འདི་ཉིད་བོད་ཀྱི་གནམ་རིག་སྐར་རྩིས་ཀྱི་དར་འཕེལ་དང་ལྷན་དུ་འགྲོགས་ནས་བོད་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་གཞན་དྲིང་མི་འཇོག་པའི་མཛུབ་སྟོན་གྱི་ནུས་པ་བཏོན་དང་འདོན་མུས་ལགས།
ཡུལ་དེའི་དམངས་ཁྲོད་དུ“སྟག་ཕུའི་ཉི་ཐིག ཀོ་མོའི་ཆུ་འདྲེན”ཞེས་གྲགས་པ་ལྟར། སྔོན་གྱི་དུས་སུ། དབུས་སྟོད་སྟག་ཕུའི་ཆུ་འདྲེན་ཉི་ཐིག་གིས་གཙོ་བོར་ལྷ་སའི་སྟོད་ཕྱོགས་སྐྱིད་ཆུ་རྒྱུག་ཁུལ་གྱི་ས་ཞིང་གི་ས་རྒྱུ་ལྕི་ཡང་གི་ཁྱད་ཆོས་ལ་གཞིགས་ནས་འདེབས་ཆུ་གཏོང་བའི་དུས་ཚོད་དང་། འདེབས་ལས་སྔ་ཕྱི་གཏན་འཁེལ་བྱེད་པ་མ་ཟད། དེ་ཁུལ་གྱི་འབྲོག་པ་སྐྱས་སྤོ་བའི་དུས་ཚོད་ཀྱང་གཏན་འཁེལ་བྱེད་ཀྱི་ཡོད་པས། ཉི་ཐིག་འདི་ནི་ཞིང་འབྲོག་ཐོན་སྐྱེད་ལ་མེད་དུ་མི་རུང་བའི་དུས་བརྟག་གནམ་དཔྱད་ཅིག་ཏུ་གྱུར་ཡོད།
ཤེས་རྟོགས་བྱུང་བ་ལྟར་ན། དབུས་སྟོད་སྟག་ཕུའི་ཆུ་འདྲེན་ཉི་ཐིག་འདི་བཞིན་ཡུལ་དེའི་མེས་པོ་ཚོས་གནམ་ཉི་ཟླ་སྐར་གསུམ་གྱི་འཁོར་འགྲོས་དང་། རི་ར་བ་ཁང་ཁྱིམ་དང་བཅས་པའི་རང་བྱུང་ཁོར་ཡུག་གི་སྣང་ཚུལ་ལ་ཡུན་རིང་བརྟགས་ཤིང་དཔྱད་པའི་ཉམས་མྱོང་ལས་བྱུང་བའི་དུས་བརྟག་གནམ་དཔྱད་ཅིག་ཡིན་པ་དང་། དེ་ཉིད་དུས་ནམ་ཞིག་ལ་ཚུལ་ཇི་ལྟ་བུས་བྱུང་བའི་སྐོར་གསལ་ཁ་གཏོད་རྒྱུ་མེད་ཀྱང་། ཡུལ་དེ་དང་དེའི་ཉེ་འཁོར་གྱི་ཞིང་འབྲོག་ཐོན་སྐྱེད་ཀྱི་འཇུག་ལྡོག་ལ་ནུས་པ་ཐོན་པ་ནས་བཟུང་ཡུལ་དེའི་མང་ཚོགས་ཀྱིས་ཉི་ཐིག་ཟིན་པའི་དུས་ཚོད་ལ་གཙིགས་མཐོང་ཆེན་པོ་བྱེད་ཀྱི་ཡོད།
“སྤྱི་ལོའི་དུས་རབས་བཅུ་བདུན་པའི་དུས་སུ། གནམ་རིག་སྐར་རྩིས་གཞུང་ལ་མངའ་བརྙེས་པའི་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ཡུལ་དེར་གཟིགས་སྐོར་ལ་ཕེབས་སྐབས། སྟག་ཕུའི་ཉི་ཐིག་ཅེས་པའི་དུས་བརྟག་གནམ་དཔྱད་འདི་འདྲ་ཞིག་ཡོད་པ་མཁྱེན་རྗེས་གཙིགས་མཐོང་ཆེན་པོ་མཛད་ཡོད་པ་དང་། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་ཡོན་ཀྲང་ཐོག་མ་མཁྱེན་རབ་ནོར་བུ་མཆོག་གིས་མཛད་པའི་རྩིས་ཡིག་དུས་གཟེར་ལག་ལེན་གསེར་གྱི་པ་ཊ་ལས་གསལ”ཞེས་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གནམ་རིག་སྐར་རྩིས་ཞིབ་འཇུག་སུའོ་ཡི་གནམ་རིག་སྐར་རྩིས་ཞིབ་འཇུག་པ་སྟོབས་རྒྱལ་གྱིས་དབུས་སྟོད་སྟག་ཕུའི་ཆུ་འདྲེན་ཉི་ཐིག་འདི་ཉིད་བོད་ཀྱི་ལོ་ཐོར་ཇི་ལྟར་འཁོད་མིན་ལ་ངོ་སྤྲོད་དེ་ལྟར་བྱས།
ད་ལྟ་ང་ཚོའི་མིག་ལམ་དུ། དབུས་སྟོད་སྟག་ཕུའི་ཆུ་འདྲེན་ཉི་ཐིག་གི་གནམ་དཔྱད་སྟེགས་བུ་འདི་བཞིན་ཉི་མ་དང་། སྐར་ཁུང་། དཀྱིལ་རྡོ་བཅས་གྲུབ་ཆ་གཙོ་བོ་གསུམ་ཆ་ལག་ཚང་བར་འཛོམས་པའི་ཁར། དཀྱིལ་རྡོའི་མཐའ་འཁོར་དུ་ཁྱིམ་བཅུ་གཉིས་དང་། རྒྱུ་སྐར་ཉེར་བདུན། ལོ་སྐོར་བཅུ་གཉིས་སོགས་རིས་སུ་བྲིས་པའི་དཀྱིལ་འཁོར་ལ་ལྕགས་དྲ་བསྐོར་ནས་སྲུང་སྐྱོབ་ཚགས་ཚུད་བྱས་པ་ཞིག་ཏུ་མངོན་མོད། འོན་ཀྱང་། ཡུལ་དུས་ཀྱི་འགྱུར་བ་སྣ་ཚོགས་ལས་སྐབས་ཤིག་རིང་དབུས་སྟོད་སྟག་ཕུའི་ཆུ་འདྲེན་ཉི་ཐིག་འདི་ཉིད་བེད་མེད་དུ་གྱུར་པ་དང་། ཐ་ན་ཉི་ཐིག་ཕོག་སའི་དཀྱིལ་རྡོ་ཡང་ཉེ་འཁོར་གྱི་ཁང་ཁྱིམ་ཞིག་རོའི་འོག་ཏུ་ཐིམ་ནས་མངོན་རྒྱུ་མེད་པར་གྱུར་ཞེས་ཡུལ་དེའི་བགྲེས་སོང་གི་ངག་ལས་ཐོས།
སྟབས་ལེགས་པ་ཞིག་ལ། སྤྱི་ལོ་1979ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གནམ་རིག་སྐར་རྩིས་ཞིབ་འཇུག་སྡེ་ཚན་གྱི་ལས་དོན་པ་དང་རིགས་གཅིག་མཁས་དབང་འགའ་ཞིག་སྔ་ཕྱིར་སྟག་ཕུར་ཕེབས་ནས། སྟག་ཕུའི་ཉི་ཐིག་སླར་གསོ་གནང་རྒྱུའི་ཐུགས་རེ་ཆེན་པོ་གནང་སྟེ། ས་ཡུལ་དངོས་སུ་བརྟག་ཞིབ་གནང་ནས་ཡུལ་མི་རྒན་རབས་དག་གིས་ས་རྒྱུས་བྱས་པ་ལྟར་བཙལ་འཚོལ་ཞིབ་ཚགས་བྱས་པས་ད་གཟོད་རྡོ་འབུར་དེ་ས་འོག་ནས་རྙེད་པ་དང་། དེ་ནས་སླར་ཡང་། 2005ལོར། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གནམ་རིག་སྐར་རྩིས་ཞིབ་འཇུག་སུའོ་ཡི་རིགས་གཅིག་མཁས་དབང་ཀུན་དགའ་རིག་འཛིན་གྱིས་གཙོས་པའི་ལས་དོན་པ་དང་། འབྲེལ་ཡོད་དབུ་ཁྲིད། གསར་འགོད་པ་དང་ཡུལ་དེའི་རྒན་རབས་ཉམས་མྱོང་ཅན་སོགས་མཉམ་དུ་འདུས་ཏེ། ཉི་ཐིག་སླར་གསོའི་བཀའ་གྲོས་དང་འབྲེལ། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་ལོ་ཐོར་འཁོད་པ་ལྟར་ཉི་ཐིག་དེ་དུས་ཚེས་ཏག་ཏག་ལ་འཁེལ་མིན་ཡུལ་དངོས་སུ་བརྟག་ཞིབ་བྱེད་སྐབས། སྐར་རྩིས་ཀྱི་ལམ་ནས་ལོ་ཐོར་ཇི་ལྟར་འཁོད་པ་ལྟར་འགལ་འཛོལ་གཏན་ནས་མེད་པར་ཏག་ཏག་ཕོག་པས། ཀུན་ཧ་ལས་པ་དང་དེར་ཡོད་དབུ་ཁྲིད་དང་རིགས་གཅིག་མཁས་དབང་རྣམས་ཀྱི་གདེང་འཇོག་མཐོ་པོ་གནང་བ་མ་ཟད། སྲིད་གཞུང་ནས་འགྲོ་གྲོན་བཏང་ནས་སྐར་ཁུང་ཡོད་སའི་སྤྱི་ཁང་ཉམས་གསོ་བྱས་པ་དང་། ཉི་ཐིག་བེད་སྤྱོད་སླར་གསོ་བྱེད་རྒྱུར་ཆོག་མཆོག་ཐོབ། དེ་རྗེས། 2009ལོའི་ཟླ་8པར། མལ་གྲོ་གུང་དཀར་རྫོང་གིས་མ་དངུལ་བཏང་ནས་དབུས་སྟོད་སྟག་ཕུའི་ཆུ་འདྲེན་ཉི་ཐིག་གི་གནམ་དཔྱད་སྟེགས་བུའི་སྤྱི་ཁང་ཉམས་གསོ་དང་། དཀྱིལ་རྡོའི་མཐའ་འཁོར་དུ་ཉི་ཁྱིམ་དང་རྒྱུ་སྐར་ཉེར་བདུན་སོགས་བྲིས་ནས་ལྕགས་དྲ་བསྐོར་ཏེ་སྲུང་སྐྱོང་རང་བཞིན་གྱི་ཞིག་གསོ་ཚགས་ཚུད་བྱས་པ་ལས། ད་གཟོད་ད་ལྟ་ང་ཚོའི་མིག་ལམ་དུ་དབུས་སྟོད་སྟག་ཕུའི་ཆུ་འདྲེན་ཉི་ཐིག་ཅེས་ཆ་ལག་ཚང་བའི་གནམ་དཔྱད་སྟེགས་བུ་འདི་ཉིད་མངོན་རྒྱུ་ཡོད་པར་གྱུར།
འབྲེལ་ཡོད་དཔྱད་གཞི་ལས་མངོན་པ་ལྟར་ན། བོད་ཀྱི་གནམ་རིག་སྐར་རྩིས་ནི་ཀྲུང་ཧྭའི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་མུ་ཏིག་རྡོག་པོ་གཅིག་དང་གཉིས་སུ་མེད་པ་དང་། དེར་ལོ་ངོ་ཉིས་སྟོང་ལྷག་ཙམ་གྱི་ལོ་རྒྱུས་ལྡན་པ་མ་ཟད། སྐར་རྩིས་དང་། ནག་རྩིས། རྒྱ་རྩིས། དུས་བརྟག་གནམ་དཔྱད་སོགས་རིགས་པའི་གཞུང་ལུགས་ཕུན་སུམ་ཚོགས་པས། སྤྱི་ལོ་2008ལོར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་དུ་ཚུད་པ་རེད།
བོད་ཀྱི་གནམ་རིག་སྐར་རྩིས་ཀྱི་ཆ་ལག་ཏུ་གཏོགས་པའི་དབུས་སྟོད་སྟག་ཕུའི་ཆུ་འདྲེན་ཉི་ཐིག་ནི་མིག་སྔར་བོད་དུ་སྤྱོད་བཞིན་པའི་གནམ་དཔྱད་སྟེགས་བུ་གཅིག་པུ་དེ་ཡིན་པ་དང་། དེ་ཉིད་སྔར་བཞིན་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཁྲོད་དུ་སྤྱོད་པ་དེས་གནའ་དེང་གི་ཚན་རྩལ་ཟུང་དུ་འབྲེལ་བ་ལས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་སྔར་བས་སྟབས་བདེ་བསྐྲུན་པ་མཚོན་པ་མ་ཟད། མེས་པོའི་བློ་རིག་དང་སྙིང་སྟོབས་རྒྱུན་འཛིན་བྱས་ནས་ཤེས་རིག་གི་དཔལ་ཡོན་ཟམ་མི་ཆད་པར་གཏོད་པའི་སྲོལ་བཟང་ཡང་མངོན་གྱི་ཡོད།
འབྲེལ་ཡོད་གསར་འགྱུར།