སྨན་བཅོས་ལག་རྩལ་ཁྱབ་གདལ་བཏང་། ནད་པའི་ཚེ་སྲོག་གོང་དུ་བཀུར།
——ཀྲེ་ཅང་ཞིང་ཆེན་གྱི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་གི་ལས་ཀའི་སྒྲིལ་གླེང་།
ཟླ་ཕྱེད་ནང་དེ་སྔོན་ལོ་ཕྱེད་རིང་གི་གཤགས་བཅོས་ལས་འགན་ལེགས་གྲུབ་བྱས་པ་དེ་ཧང་སངས་དགོས་པའི་བྱ་བ་ཞིག་མ་ཡིན་ནམ། ས་བབ་སྨི་4750ལྷག་ཙམ་ཟིན་པའི་ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་མི་དམངས་སྨན་ཁང་དུ་དེ་སྔོན་ལོ་ཧྲིལ་པོར་དོས་དྲག་གཤགས་བཅོས་12ལས་བྱེད་ཐུབ་ཀྱི་མེད་ལ། དུས་ཚོད་བཟོས་ནས་གཤགས་བཅོས་བྱེད་དགོས་ན་སྦྲིད་སྨན་རྒྱག་མཁན་སྨན་པ་གདན་ཞུ་བྱེད་དགོས་ཀྱི་ཡོད། ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་ཁག་གསར་པ་འདིར་འབྱོར་ནས་ཟླ་ཕྱེད་ལས་མ་སོང་བར་རང་རྐྱ་འཕེར་བའི་ངང་དོས་དྲག་དང་ཉེན་ཁ་ཆེ་བའི་གཤགས་བཅོས་6བྱས་པ་རེད།
ཁོང་ཚོས་གཤགས་བཅོས་མང་པོ་དེ་འདྲ་བྱེད་ཐུབ་དོན་གང་ཡིན་ནམ། དོགས་གཞི་དེར་དམིགས་ནས་ཉེ་ཆར་གསར་འགོད་པ་གསོ་རླུང་འདུས་ཚད་གཤོང་སའི་ཕྱེད་ཀའང་མ་ཟིན་པ་དང་དྲོད་ཚད་དམའ་ཤོས་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་8ཙམ་ཟིན་པའི་དཔལ་མགོན་རྫོང་དུ་བསྐྱོད་དེ་ཀྲེ་ཅང་ཞིང་ཆེན་ཐའེ་ཀྲོའུ་གྲོང་ཁྱེར་ནས་ཡོང་བའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་ལ་བཅར་འདྲི་ཞུས་པ་ཡིན།
གནད་སྨིན་ཇུས་བསྟར་བྱས་ནས་ཞན་ཆ་སེལ།
ཀྲུའུ་ཧྥུང་གིས་དཔལ་མགོན་རྫོང་མི་དམངས་སྨན་ཁང་ལ་ཡུན་རིང་འཕྲད་པའི་དཀང་ངལ་གསལ་པོར་རྟོགས་ཤིང་། 2025ལོའི་ཟླ་6པར། ཀྲེ་ཅང་ཞིང་ཆེན་གྱི་བོད་སྐྱོར་ཤེས་ལྡན་ལས་བྱེད་པ་ཁག་བཅུ་གཅིག་པའི་གྲས་ཤིག་ཡིན་པའི་ཀྲུའུ་ཧྥུང་གིས་གོང་རིམ་གྱི་བཀའ་ལྟར་ཀྲེ་ཅང་ཞིང་ཆེན(ཐའེ་ཀྲོའུ་གྲོང་ཁྱེར)གྱི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་གི་རུ་དཔོན་དང་དཔལ་མགོན་རྫོང་མི་དམངས་སྨན་ཁང་གི་ཡོན་ཀྲང་གི་འགན་འཁུར།
“སྦྲིད་སྨན་སྨན་པ་ཧ་ཅང་དཀོན་པས་སྨན་ཁང་གིས་ནད་པའི་ལུས་པོའི་ཆ་ཤས་ལ་སྦྲིད་སྨན་རྒྱག་པའི་གཤགས་བཅོས་མ་གཏོགས་བྱེད་ཐུབ་ཀྱི་མེད། ལོ་ཧྲིལ་པོར་དོས་དྲག་གཤགས་བཅོས་བྱེད་ཉུང་ལ་གཙོ་བོ་རྒྱུ་ལྷག་གཉན་ཚད་དང་བུད་མེད་ཚན་ཁག་གི་དོས་དྲག་སོགས་ལ་གཤགས་བཅོས་བྱེད་ཀྱི་ཡོད། གལ་ཏེ་ནད་པའི་སྲོག་ལ་ཉེན་ཁ་འཕྲད་ཚེ་སྨན་ཁང་གཞན་དུ་སྐྱེལ་དགོས་པས་ཉེན་ཁ་ཧ་ཅང་ཆེན་པོ་ཡོད”ཅེས་ཀྲུའུ་ཧྥུང་གིས་བཤད།
ཕྱི་བཅོས་ཚན་ཁག་གི་དཀའ་གནད་དེ་སེལ་ཆེད། ཀྲེ་ཅང་ཞིང་ཆེན་བོད་སྐྱོར་བཀོད་འདོམས་པུའུ་དང་ནག་ཆུ་གྲོང་ཨུད་རྩ་འཛུགས་པུའུ་ལ་དགོངས་སྐོར་སྙན་སེང་ཞུས་པ་དང་ཐའེ་ཀྲོའུ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཤུགས་ཆེའི་རྒྱབ་སྐྱོར་འོག སྨན་བཅོས་རུ་ཁག་ཁག་གསར་པས་ཆེད་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱས་ཏེ་སྦྲིད་སྨན་དང་། བུད་མེད་དང་བུ་བཙའ། རྨ་སྐྱོན་ཕྱི་བཅོས་བཅས་ཚན་ཁག་ལ་སྨན་པ་དཀོན་པའི་སྐབས་སུ་ཆེད་ལས་གཞན་གྱི་སྨན་པ་སྤྱོད་རྒྱུའི་བློ་ཐག་བཅད།
2026ལོའི་ཟླ་3ཚེས་11ཉིན། རུ་མི་གསར་པ་བོད་དུ་འབྱོར་བ་དང་ངལ་གསོ་ཉིན་འགའ་ཤས་བརྒྱབ་རྗེས་ཟླ་3ཚེས་15ཉིན་དངོས་སུ་སྨན་བཅོས་ལས་ལ་གཞོལ།
ཟླ་ཕྱེད་ནང་དོས་དྲག་དང་ཉེན་ཁ་ཆེ་བའི་གཤགས་བཅོས་6བདེ་བླག་ངང་བྱས་པ་དེའི་ནང་རྨས་མ་དང་བུད་མེད་བུ་བཙའི་ཚན་ཁག་གི་ཁོག་གཤགས་བཙའ་ཐབས་སོགས་ཀྱི་རྙོག་དྲ་ཆེ་བའི་གཤགས་བཅོས་བྱས་པ་དང་ཆབས་ཅིག དོས་དྲག་གི་འཇུ་ལམ་ཁྲག་དོན་ནད་པ་1སྐྱོབ་བཅོས་བྱས་ཡོད།
“སྐྱོབ་བཅོས་ལག་རྩལ་གྱི་ཕན་འབྲས་མངོན་གསལ་དོད་པས་སྨན་ཁང་གི་ཕྱི་བཅོས་གཤཌ་བཅོས་ལག་རྩལ་ཞན་པའི་རྣམ་པར་རྦད་དེ་འགྱུར་ལྡོག་བྱུང་ཡོད”ཅེས་ཀྲུའུ་ཧྥུང་གིས་དགའ་ཚོར་ཆེན་པོས་བཤད།
ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་ཕྱིན་པ།
གྲུབ་འབྲས་ནི་ལས་སླ་པོར་ཐོབ་པ་ཞིག་གཏན་ནས་མིན།
ན་ནིང་ཀྲུའུ་ཧྥུང་གིས་ཟླ་ཕྱེད་རིང་སྨན་ཁང་གི་གཉེར་སྐྱོང་དང་ཞབས་ཞུའི་ནུས་པར་བརྟག་ཞིབ་བྱས་ནས“མ་ལག་འཛུགས་པ་དང་། ཆེད་ལས་ཚན་ཁག་སྟོབས་ཆེར་གཏོང་བ། ཤེས་ལྡན་པ་གསོ་སྐྱོང་བྱེད་པ། མཉམ་འདྲེས་ལ་སྐུལ་འདེད་གཏོང་བ”བཅས་ཀྱི་བོད་སྐྱོར་ལས་དོན་གྱི་བྱེད་ཐབས་བཟོས་པ་མ་ཟད། ཀྲེ་ཅང་ཐའེ་ཀྲོའུ་ཡི་རྩེར་སོན་སྨན་བཅོས་དོ་དམ་གྱི་འདུ་ཤེས་སྨན་ཁང་དུ་ཁྱབ་གདལ་བཏང་ནས་སྨན་བཅོས་ཀྱི་སྤུས་ཚད་བདེ་འཇགས་དང་། འཕྲལ་སྡོམ་སྐྱོབ་བཅོས། ནོར་དོན་རྩིས་བཤེར་སོགས་མ་ལག་ཆེན་པོ་དྲུག་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བར་བརྟེན་སྨན་ཁང་དོ་དམ་ཚད་ལྡན་ཅན་དང་། སྤུས་ཚད་ལ་ཕྱོགས་ཡོངས་ནས་དོ་དམ། འཁོར་རྒྱུག་ནུས་ཆེ་ཅན་བཅས་མངོན་འགྱུར་བྱུང་ཡོད།
གྲངས་གཞི་ལས། རྨང་གཞི་འདིང་བ་དང་ཕུཌ་ལ་ཕན་པའི་བྱ་ཐབས་རབ་དང་རིམ་པའི་ཕན་འབྲས་ལ་དཔང་པོ་བྱས་པ་སྟེ། སྨན་ཁང་དུ་སྡོད་མཁན་ནད་པ་དུས་མཚུངས་ལས་36.6%འཕར་བ་དང་། སྒོ་བསྟེན་སྨན་ཁང་དུ་ན་ཚ་ལྟ་མཁན་ནད་པ་25.1%འཕར་བ། དོས་དྲག་སྨན་ཁང་དུ་ན་ཚ་ལྟ་མཁན་34.4%འཕར་བ། ལག་རྩལ་གསར་པ་དང་རྣམ་གྲངས་གསར་པ་ཁག་30ལྷག་ཙམ་སྤེལ་བ། ནད་ཐོག་སྨན་བཅོས་ལག་རྩལ་གྱི་རིག་ཚན་4གསར་དུ་བཙུཌ་པ། དོ་དམ་ལམ་ལུགས་ཁག་140ལྷག་ཙམ་དང་འཕྲལ་སྡོམ་སྔོན་ཇུས་ཁག་40ལྷག་ཙམ་བཟོས་པ། ཆེད་ལས་ཨུ་ཡོན་ལྷན་ཁང་13གསར་དུ་བཙུཌ་པ་བཅས་རེད།
ལྷག་པར་དུ་སྨན་ཁང་གིས“དགེ་རྒན་གྱིས་དགེ་ཕྲུག་འཁྲིད་པའི”གནད་སྨིན་གསོ་སྐྱོང་ལམ་སྲོལ་བཙུཌ་ནས་བོད་སྐྱོར་རིཌ་གཅིག་མཁས་ཅན་8ཀྱིས་ས་གནས་དེ་གའི་རྐང་འཛིན་སྨན་དོན་མི་སྣ་38གསོ་སྐྱོང་བྱས་ཏེ་ནད་པར་ལྟ་བ་དང་། གཤགས་བཅོས་བྱེད་སྟངས་སློབ་པ། ནད་དཔེར་གྲོས་བསྡུར། སློབ་ཁྲིད་བྱེད་པ། ལག་ལེན་རྩལ་ནུས་གསོ་སྦྱོང་སོཌ་ཀྱི་ལས་སྒོའི་གསོ་སྦྱོང་ཐེངས་200ལྷག་ཙམ་བྱས་ཡོད།
“བོད་སྐྱོར་རིགས་གཅིག་མཁས་ཅན་ཚོས་ཁྱིམ་ཚང་ཆུང་ངུ་བློས་གཏོང་དང་། ས་མཐོར་གཞི་ཚུགས་པ། ལྷག་བསམ་ཟོལ་མེད་ཀྱིས་རོགས་སྐྱོར་བཅས་བྱས་ནས་རིགས་པའི་གཞུང་ལུགས་ནས་ལག་ལེན་བར་བུམ་པ་གང་འཇོལ་གྱིས་ང་ཚོར་ལག་རྩལ་བསླབ་པས། ང་ཚོ་སྦྱངས་འབྲས་ཐོན་པ་དང་། ལས་ཀར་ཁ་ཕྱོགས་ཡོད་པ། བྱ་སྤྱོད་ལ་ཚད་གཞི་ཡོད་པ་བཅས་བྱུང་བས་ཁོང་ཚོར་ཐུགས་རྗེ་ཆེ་ཞུ་ཡི་ཡིན”ཞེས་བོད་སྐྱོར་སྨན་བཅོས་རུ་ཁག་གི་རུ་མི་དང་དཔལ་མགོན་རྫོང་མི་དམངས་སྨན་ཁང་སྨན་དོན་ཁོའོ་ཡི་ཁོའོ་ཀྲང་ཅི་ཡེ་མིང་གི་དགེ་ཕྲུག་སྤུས་ཚད་དོ་དམ་ཁོའོ་ཡི་ཀྲུའུ་རེན་གཞོན་པ་རིན་ཆེན་གཡང་སྐྱིད་ཀྱིས་བཤད།
སྙིང་རུས་གཏན་འཁྱོངས་ཀྱིས་ལག་རྩལ་བརྒྱུད་སྤྲོད་བྱས།
“བོད་སྐྱོར་ལས་འགན་མུ་མཐུད་སྒྲུབ་ཆེད་ངས་མུ་མཐུད་སྨན་ཁང་དུ་སྡོད་རྒྱུའི་སེམས་ཐག་བཅད་པ་ཡིན”ཞེས་ཅི་ཡེ་མིན་གྱིས་ད་ལོ་མུ་མཐུད་བོད་སྐྱོར་བྱས་ཏེ་ཀ་པ་རིམ་པ་གཉིས་པའི་སྨན་ཁང་གཏོད་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུའི་བློ་ཐག་བཅད།
ཀྲུའུ་ཧྥུང་གིས། འབྱུང་འགྱུར་སྨན་བཅོས་རུ་ཁག་གིས“1+3+5”བཅས་ཀྱི་ལག་བསྟར་མ་ལག་མུ་མཐུད་བསྐྲུན་རྒྱུ་སྟེ། སྨན་བཅོས་ཞབས་ཞུའི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་རྒྱུ་ལྟེ་བར་བྱེད་པ་དང་། རིག་ཚན་འཛུགས་སྐྱོང་དང་། ཤེས་ལྡན་པ་གསོ་སྐྱོང་། དོ་དམ་ལེགས་གཏོང་བཅས་འདེགས་སྐྱོར་ཆེན་པོ་གསུམ་དུ་བྱེད་པ། རིམ་ལྡན་སྨན་ཁང་གི་ཞིབ་དཔྱད་དང་། ཕྱི་བཅོས་ཚན་ཁག་གི་གཤགས་བཅོས་བྱེད་པའི་འཇོན་ཐང་ཆེ་རུ་གཏོང་བ། ནག་ཆུའི་ནུབ་རྒྱུད་ཀྱི་ཟུངས་ཁྲག་སིམ་དབྱེ་ལྟེ་གནས་འཛུགས་སྐྱོང་། དོས་དྲག་སྡེ་ཚན་ཆེ་གྲས་ལྔའི་བདེན་དཔང་ར་སྤྲོད། ཐའེ་ཀྲོའུ་དང་ནག་ཆུ་དོ་དམ་འབྲེལ་མཐུད་ཀྱི་བྱ་སྤྱོད་ཆེ་གྲས་ལྔར་སྐུལ་འདེད་གཏོང་རྩིས་ཡོད་ལ། ང་ཚོས་ཀྲེ་ཅང་ཐའེ་ཀྲོའུ་ཡི་སྔོན་ཐོན་སྨན་བཅོས་ལག་རྩལ་དང་དོ་དམ་ཉམས་མྱོང་དེ་དཔལ་མགོན་གྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ནམ་ཡང་གནས་ཐུབ་པའི་ས་གནས་དེ་གའི་སྨན་བཅོས་དཔུང་ཁག་ཅིག་བཏོད་ནས་ས་མཐོའི་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་ཀྱི་ཡིན་ཞེས་བརྗོད།
འབྲེལ་ཡོད་གསར་འགྱུར།