གོ་ལ་ཧྲིལ་པོའི་ས་བབ་མཐོ་ཤོས་ཀྱི་ཤུར་དབྱིབས་འོད་ཤུགས་ཚ་ནུས་གློག་ཁང་བོད་དུ་སྐྲུན་འགོ་ཚུགས་པ།
ཟླ་4ཚེས་6ཉིན། གོ་ལ་ཧྲིལ་པོའི་ས་བབ་མཐོ་ཤོས་ཀྱི་ཤུར་དབྱིབས་འོད་ཤུགས་ཚ་ནུས་གློག་ཁང་སྟེ། ཀྲུང་གོ་ཀོང་ཧེ་བོད་ལྗོངས་དབུ་མ་ཐང་ཀྲའོ་ཝ་50ཡི་འོད་ཤུགས་ཚ་ནུས་རྣམ་གྲངས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་དབུ་མ་ཐང་ཤང་དུ་དངོས་སུ་སྐྲུན་འགོ་ཚུགས་པ་རེད། རྣམ་གྲངས་དེར་རང་རྒྱལ་གྱིས་རང་རྟེན་ཞིབ་བཟོ་བྱས་པའི་སྨི་8.6ཡོད་པའི་ཁ་འབྱེད་ཆེ་བའི་ཤུར་དབྱིབས་ཚ་འདུས་སྒྲིག་ཆས་སྤྱད་པ་དང་འབྲེལ། ཆུ་ཚོད་6རིང་ཚྭ་བཞུ་ཚ་གསོག་སྒྲིག་ཆས་བསྒར་བས་མཚན་མོར་གློག་བསྟུད་མར་གཏོང་ཐུབ་རྒྱུ་རེད། “ཚ་ནུས་དང་འོད་ཤུགས་ཟུང་དུ་འབྲེལ་བའི”གཞི་གཅིག་ཅན་གྱི་རྣམ་གྲངས་ཧྲིལ་པོ་ནས་2027ལོར་ཕྱོགས་ཡོངས་ནས་གློག་གཏོང་ཐུབ་རེ་ཡོད་པ་དང་། བསྐྲུན་རྗེས་ལོ་རེར་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་7.19ཙམ་ཟིན་རྒྱུ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ཁ་འབྱེད་ཆེ་བའི་ཤུར་དབྱིབས་ཚ་འདུས་སྒྲིག་ཆས་དེ་ནི་མིག་སྔར་རྒྱལ་སྤྱིའི་ཚོང་ལས་ཅན་གྱི་བེད་སྤྱོད་ཁྲོད་ཁ་འབྱེད་ཚད་ཆེ་ཤོས་ཀྱི་ཤུར་དབྱིབས་ཚ་འདུས་སྒྲིག་ཆས་ཤིག་ཡིན་པ་དང་། ལག་རྩལ་དེ་ཚོང་ལས་ཅན་དུ་བེད་སྤྱོད་བྱས་པ་དེས་རང་རྒྱལ་གྱི་ཤུར་དབྱིབས་ཚ་ནུས་གློག་གཏོང་གི་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་མཐུན་སྦྱོར་རིམ་སྤོར་ལ་སྐུལ་ཁྲིད་ནུས་ལྡན་ཐུབ་ནས་ལག་རྩལ་ནང་འདྲེན་བྱེད་པ་ནས་རང་རྟེན་གསར་གཏོད་བྱེད་པའི་བར་མཆོང་སྐྱོད་ཐུབ་རྒྱུ་རེད།
རྣམ་གྲངས་དེ་མཐོ་གྲང་གསོ་རླུང་དཀོན་པའི་ཁུལ་དུ་གནས་པས། ལོ་རེའི་ཆ་སྙོམས་དྲོད་ཚད་དམའ་བ་དང་། ཉིན་མཚན་དྲོད་ཚད་ཧེ་བག་ཆེ་བ། མཁའ་རླུང་འདུས་ཚད་དམའ་བ། སྨུག་ཕྱིའི་འོད་ཀྱི་ཁྱབ་འགྱེད་ཆེ་བ་སོགས་རང་བྱུང་གི་ཆ་རྐྱེན་ཧ་ཅང་ཞན་པའི་ཁོར་ཡུག་འོག་ལོ་ཧྲིལ་པོའི་ཨར་ལས་དུས་ཡུན་ཟླ་4པ་ནས་10པའི་བར་ལས་མེད། མིག་སྔའི་བར་རྣམ་གྲངས་དེ་ལས་རིམ་རྩིས་བརྒྱབ་ན་ས་གནས་དེ་གའི་མི་ཐེངས་2000ལྷག་ཙམ་ལས་ཞུགས་ཐུབ་རྒྱུ་དང་། ལས་མི་དང་འཕྲུལ་ཆས་སྤྱད་པ་བརྒྱུད་ས་གནས་དེ་གར་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་520ལྷག་ཙམ་ཡོང་རྒྱུ་རེད། དེ་དང་ཆབས་ཅིག་རྣམ་གྲངས་དེས་རང་ངོས་ལ་བརྟེན་ནས་ཆེད་ལས་རྩལ་ནུས་གསོ་སྦྱོང་ཧུར་ཐག་བྱས་ཏེ། ཞིང་འབྲོག་པ་ལག་རྩལ་བཟོ་པར་འགྱུར་བར་རམ་འདེགས་བྱས་ནས་ས་གནས་དེ་གའི་འབབ་འཕར་དང་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།