ཀྲེང་ལི་ཝུན་གྱིས་ཚོགས་པའི་སྣེ་ཁྲིད་དེ་སྐམ་ས་ཆེན་པོར་འཚམས་འདྲི་བྱེད་འགོ་ཚུགས་པ།
ཀྲུང་གུང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གདན་ཞུས་ལྟར། ཚེས་7ཉིན། ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞི་ཀྲེང་ལི་ཝུན་གྱིས་གོ་མིན་ཏང་གི་འཚམས་འདྲི་ཚོགས་པའི་སྣེ་ཁྲིད་དེ་ཧྲང་ཧའེ་བརྒྱུད་ནན་ཅིང་དུ་འབྱོར་ནས་སྐམ་ས་ཆེན་པོར་འཚམས་འདྲི་བྱེད་འགོ་ཚུགས་པ་རེད།
ཀྲེང་ལི་ཝུན་ནན་ཅིང་དུ་འབྱོར་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་སྐམ་ས་ཆེན་པོ་ཕྱོགས་ཀྱིས་སྤྲོ་སེམས་འཁོལ་པོས་སྣེ་ལེན་ཞུས་པར་ཐུགས་རྗེ་ཆེ་ཞུ་གི་ཡིན། ད་ཐེངས་ཀྱི་འཚམས་འདྲི་ནི་ཐའེ་དབན་མཚོ་འགག་གི་ཞི་བདེ་སྲུང་སྐྱོང་དང་མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་ཆེད་ཡིན་པས་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུང་གོ་གོ་མིན་ཏང་གིས“གོ་གཉིས་གཅིག་མཐུན་ངོས་འཛིན”མཐའ་འཁྱོངས་དང“ཐའེ་དབན་རང་བཙན”ལ་ངོ་རྒོལ་བྱས་ནས། མཚོ་འགག་ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ནུས་པ་གལ་ཆེན་མུ་མཐུད་འདོན་གྱི་ཡིན་ཞེས་བརྗོད་པ་རེད།
ཀྲུང་གུང་ཀྲུང་དབྱང་ཐའེ་དབན་ལས་དོན་གཞུང་དོན་ཁང་གི་ཀྲུའུ་རེན་སུང་ཐའོ་ཧྲང་ཧའེ་རུ་ཀྲེང་ལི་ཝུན་དང་བཅས་པར་ཕེབས་བསུར་བཅར་ཡོད། སུང་ཐའོ་ཡིས། ཀྲུའུ་ཞི་ཀྲེང་ལགས་ཀྱིས་ཚོགས་པའི་སྣེ་ཁྲིད་དེ་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུ་གི་ཡིན། ཀྲུའུ་ཞི་ཀྲེང་ལགས་ད་ཐེངས་ཕེབས་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་མེས་རྒྱལ་སྐམ་ས་ཆེན་པོར་ཐོབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཧ་ཅང་ཆེན་པོ་དངོས་སུ་ཚོར་ངེས་རེད་ལ། སྐམ་ས་ཆེན་པོའི་སྤུན་ཟླས་སྤུན་ཟླ་ཐའེ་དབན་བར་བཅངས་པའི་བརྩེ་སེམས་ཟབ་མོའང་ཚོར་ཐུབ་ངེས་རེད། དེ་བཞིན་ངོགས་གཉིས་ཀྱི་སྤུན་ཟླའི་ཚད་མཐོའི་ཁས་ལེན་དང་རྒྱབ་སྐྱོར་ཐོབ་ངེས་པའི་ཡིད་ཆེས་ཡོད། ཏང་གཉིས་པོས་མི་རིགས་ཀྱི་ཁེ་ཕན་གཙོ་བོར་འཛིན་པ་དང་སྤུན་ཟླའི་བདེ་རྩར་བསམ་བློ་བཏང་སྟེ། ལག་གདང་སྦྲེལ་ནས་ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མཉམ་དུ་གཏོད་དགོས་ཞེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།