ཤེས་ལྡན་པ་གསོ་སྐྱོང་ལ་ཤུགས་སྣོན་དང་ཚན་རྩལ་གྱིས་མཐུན་རྐྱེན་སྦྱར་ནས་ཀྲུང་ལུགས་གསོ་རིག་གིས་ཨ་ཧྥེ་རི་ཁའི་དམངས་ཚོགས་ལ་ཕན་པ་བསྐྲུན་པ།
ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་ཨ་ཧྥེ་རི་ཁས་སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་མཉམ་ལས་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་བས་ཀྲུང་ལུགས་གསོ་རིག་སྨན་རྫས་སྤེལ་རེས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། མ་ལིའི་ལུའུ་པན་བཟོ་ཁང་གིས་ཡུལ་དེ་གའི་ཀྲུང་ལུགས་གསོ་རིག་གི་ཤེས་ལྡན་པ་གསོ་སྐྱོང་བྱེད་པ་དང་། ཀྲུང་གོའི་སྨན་བཅོས་རུ་ཁག་གིས་ཐན་ཙན་ནི་ཡར་ཀྲུང་ལུགས་གསོ་རིག་གི་ནད་བརྟག་སྨན་བཅོས་བྱེད་པ། ལྷོ་ཨ་ཧྥེ་རི་ཁས་མི་ཐབས་རིག་ནུས་ལག་རྩལ་ལ་བརྟེན་ནས་ཀྲུང་ལུགས་གསོ་རིག་གི་ནད་བརྟག་སྨན་བཅོས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་སོགས་ཀྲུང་གོའི་སྲོལ་རྒྱུན་གསོ་རིག་གིས་བྱ་ཐབས་སྣ་མང་ལ་བརྟེན་ཏེ་ཨ་ཧྥེ་རི་ཁར་གཞི་ཚུགས་པ་དང་ས་གནས་དེ་གའི་སྨན་བཅོས་ཞབས་ཞུའི་མ་ལག་ནང་མཉམ་འདྲེས་བྱས་པས། ཨ་ཧྥེ་རི་ཁའི་དམངས་ཚོགས་དེ་བས་མང་བའི་བདེ་ཐང་སྲུང་བཞིན་ཡོད།
མ་ལིའི་ཀྲུང་ལུགས་གསོ་རིག་ལག་རྩལ་ལུའུ་པན་བཟོ་ཁང་།
“ཡུལ་དེ་གའི་ཀྲུང་ལུགས་གསོ་རིག་གི་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་ཧུར་ཐག་བྱེད་པ”
ཐེན་ཅིན་གསོ་རིག་མཐོ་རིམ་ཆེད་སྦྱོང་ཚན་ཁག་གི་སློབ་གྲྭར་ལོ་25ལ་སླེབས་པའི་རྒྱལ་ཁོངས་མ་ལི་ནས་ཡིན་པའི་ཕྱི་སྦྱོང་སློབ་མ་ཡ་ལུན·མེ་ཁེར་དང་སློབ་གྲོགས་གཞན་4མཉམ་དུ་སློབ་ཁྲིད་ནང་དོན་ལ་གྲོས་བསྡུར་བྱེད་བཞིན་ཡོད། “གལ་ཏེ་ནད་པར་མཁལ་རྐེད་ན་ཚེ་གསང་མིག་དེ་དག་ལ་མཉམ་དུ་གསེར་ཁབ་བརྒྱབ་ན་འགྲིག་གམ”ཞེས་སློབ་གྲོགས་གཅིག་གིས་འདྲི་བ་དེ་བཏོན་པས་གཞན་དག་གིས་དེབ་བཏོན་ནས་ལྟ་བ་དང་ལ་ལས་གསང་མིག་གནས་ས་དག་རི་མོ་འབྲི་བཞིན་མཆིས། སློབ་མ་ལྔ་པོ་དེ་དག་ཚང་མ་མ་ལིའི་ཀྲུང་ལུགས་གསོ་རིག་ལག་རྩལ་ལུའུ་པན་བཟོ་ཁང་ནས་ཡིན་པ་དང་ན་ནིང་ཟླ་12པར་ཐེན་ཅིན་དུ་ཡོང་ནས་དུས་ཡུན་ལོ་གསུམ་གྱི་ཀྲུང་ལུགས་གསོ་རིག་གི་རིགས་པའི་གཞུང་ལུགས་དང་ལག་ལེན་གསོ་སྦྱོང་བྱེད་འགོ་ཚུགས་པ་རེད།
2019ལོའི་ཟླ་12པར་ཐེན་ཅིན་གསོ་རིག་མཐོ་རིམ་ཆེད་སྦྱོང་ཚན་ཁག་གི་སློབ་གྲྭ་དང་། ཐེན་ཅིན་གྲོང་ཁྱེར་ཧུང་ཤིང་ལས་རིགས་འབྲིང་རིམ་ཆེད་ལས་སློབ་གྲྭ མ་ལིའི་པ་མ་ཁོའོ་ཚན་རྩལ་སློབ་ཆེན། པ་མ་ཁོ་མི་ཆོས་རིག་གནས་སློབ་ཆེན་བཅས་ཀྱིས་མ་ལིར་གོ་ལ་ཧྲིལ་པོའི་ཀྲུང་ལུགས་གསོ་རིག་ལག་རྩལ་ལུའུ་པན་བཟོ་ཁང་དང་པོ་དེ་བཙུགས་པ་རེད། “ང་ཚོས་མ་ལིའི་གཞོན་ནུ་ཚོར་ཀྲུང་ལུགས་གསོ་རིག་གི་ལས་རིགས་རྩལ་ནུས་གསོ་སྦྱོང་བྱ་རྒྱུར་གཞོལ་ནས། མི་དེ་བས་མང་བས་ཀྲུང་གོའི་སྲོལ་རྒྱུན་གསོ་རིག་ཤེས་རྟོགས་དང་སློབ་སྦྱོང་བྱེད་དུ་འཇུག་རྒྱུ་ཡིན”ཞེས་ལུའུ་པན་བཟོ་ཁང་གི་གྲོས་འགོ་འདོན་མཁན་ཏི་ཡ་ལ·པུའུ་པ་ཁར་གྱིས་གསར་འགོད་པར་བཤད།
ད་ཆ་མ་ལིའི་ཀྲུང་ལུགས་གསོ་རིག་ལག་རྩལ་ལུའུ་པན་བཟོ་ཁང་དུ་ཤེས་ལྡན་པ་གསོ་སྐྱོང་གི་མ་ལག་ཆ་ཚང་ཞིག་ཆགས་ཡོད། པ་མ་ཁོའོ་ཚན་རྩལ་སློབ་ཆེན་དུ་སློབ་མས་ཀྲུང་ལུགས་གསོ་རིག་དེ་འདེམས་སྦྱོང་སློབ་ཚན་དུ་བརྩི་ཆོག་ལ་ཆེད་ལས་ཀྱི་ཁ་ཕྱོགས་སུའང་བརྩི་ཆོག ལོ་དྲུག་ལྷག་ཙམ་རིང་ལུའུ་པན་བཟོ་ཁང་གིས་རིམ་རྩིས་བརྒྱབ་ན་ཀྲུང་ལུགས་གསོ་རིག་གི་འབྲེལ་ཡོད་ཤེས་ལྡན་པ་མི་ཐེངས་1000ལྷག་ཙམ་གསོ་སྦྱོང་བྱས་པའི་ནང་མ་ལིའི་སློབ་མ་54ཡིས་བརྒྱུད་རིམ་ལྡན་པའི་གསོ་སྦྱོང་དང་ལེན་བྱས་རྗེས་ཀྲུང་ལུགས་གསོ་རིག་གི་ལས་དོན་པར་གྱུར། ཏི་ཡ་ལ་ཡིས“སྨན་བཅོས་ཀྱི་ཕན་ནུས་དང་སྐད་གྲགས་ཆོད་ཚད་ལ་བརྟེན་ནས་ཀྲུང་ལུགས་གསོ་རིག་དེ་མ་ལིའི་དམངས་ཚོགས་དེ་བས་མང་བས་རིམ་བཞིན་དང་ལེན་བྱེད་བཞིན་ཡོད”ཅེས་བཤད།
ཐན་ཙན་ནི་ཡར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག
“ཀྲུང་ལུགས་གསོ་རིག་གི་སྨན་བཅོས་བྱ་ཐབས་ལ་ཕན་འབྲས་མྱུར་ཞིང་ཡག་པ”
ཐན་ཙན་ནི་ཡའི་ལྷོ་ནུབ་རྒྱུད་དུ་གནས་པའི་མུའུ་པེ་ཡ་ཁུལ་ཆེན་སྨན་ཁང་དུ་ཡུན་རིང་མཇིང་ཚིགས་ནད་ཀྱིས་མནར་བའི་ནད་པ་ཞིག་སྨན་བཅོས་ཉལ་ཁྲིའི་ཐོག་ཉལ་ནས་ཐན་ཙན་ནི་ཡར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་ཉེར་བདུན་པའི་རུ་མི་ཁྲེན་ཝུན་མིང་གིས་དངུལ་ཁབ་བརྒྱབ་ནས་སྨན་བཅོས་བྱས། གསང་མིག་ཁག་ལ་དངུལ་ཁབ་རེ་རེ་བཞིན་བརྒྱབ་པས་ནད་པའི་ཤ་གནད་མཁྲེགས་པོ་དེ་རིམ་གྱིས་ལྷུག་ཏུ་སོང་། སྐར་མ་ཁ་ཤས་སོང་རྗེས་ནད་པས་དལ་གྱིས་ལངས་ནས་མཁལ་རྐེད་ཀྱི་ན་ཟུག་ཆུང་དུ་ཕྱིན་པའི་ཚོར་སྣང་ཞིག་བྱུང་། འགྲམ་དུ་ལྟ་སྦྱོང་བྱེད་མཁན་ཐན་ཙན་ནི་ཡའི་སྨན་དོན་པས་གསེར་ཁབ་རྒྱག་པའི་གཙོ་གནད་ཁག་ཟིན་ཐོ་འགོད་བཞིན་ཡོད། ད་ཐེངས་ཀྱི་ཀྲུང་ལུགས་གསོ་རིག་གི་གསོ་སྦྱོང་ཁྲོད་སྨན་ཁང་གི་ཚན་ཁག་མང་པོའི་སྨན་དོན་པ་30ལྷག་ཙམ་གྱིས་ད་དུང་ཀྲུང་ལུགས་གསོ་རིག་གི་རྨང་གཞིའི་རིགས་པའི་གཞུང་ལུགས་དང་རྒྱུན་མཐོང་ནད་བཅོས་ཐབས་དང་དེ་བཞིན་གསེར་ཁབ་དང་། འཕུར་མཉེད། མེ་ཕོར་རྒྱག་པ་སོགས་ཀྱི་ལག་རྩལ་སྦྱངས་ཡོད།
2024ལོའི་ཟླ་8པར་མུའུ་པེ་ཡར་འབྱོར་ཚུན་ཐན་ཙན་ནི་ཡར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་ཉེར་བདུན་པའི་རུ་མིས་རྒྱུན་གཏན་སྨན་བཅོས་ཀྱི་ཞབས་འདེགས་ཞུ་བ་དང་ཆབས་ཅིག་ཀྲུང་ལུགས་གསོ་རིག་ཀྱང་རྒྱུན་གཏན་གྱི་སྨན་བཅོས་ནང་བཅུག་ཡོད། ཁྲེན་ཝུན་མིང་གིས་གསར་འགོད་པར་ངོ་སྤྲོད་བྱས་པར་གཞིགས་ན། རུ་མི་ཚོས་ནད་པའི་ནད་གཞིར་གཞིགས་ནས་སྤྲ་མེ་སོགས་སྲོལ་རྒྱུན་གྱི་ཀྲུང་ལུགས་གསོ་རིག་གི་སྨན་བཅོས་བྱེད་ཐབས་སྟབས་བསྟུན་ངང་སྤྱད་དེ། རུས་ནད་ཚན་ཁག་དང་གཅོང་ནད་ཀྱི་ན་ཟུག་མྱོང་བཞིན་པའི་ནད་པ་མང་པོ་ཞིག་གི་ན་ཚ་ཡང་དུ་བཏང་བ་མ་ཟད། ཟུངས་ནུས་ལེགས་སུ་བཏང་ཡོད། “ཐན་ཙན་ནི་ཡའི་དམངས་ཚོགས་ལ་རྩྭ་སྨན་གཏོང་བ་དང་འཕུར་མཉེད་བྱེད་པའི་གོམས་སྲོལ་ཡོད་པ་དེས་ས་གནས་དེ་གར་ཀྲུང་ལུགས་གསོ་རིག་ཁྱབ་གདལ་གཏོང་བར་མཐུན་རྐྱེན་བཟང་པོ་བསྐྲུན་ཡོད”ཅེས་ཁྲེན་ཝུན་མིང་གིས་བཤད།
ལྷོ་ཨ་ཧྥེ་རི་ཁ་དང་ཨ་ཧྥེ་རི་ཁའི་ཀྲུང་ལུགས་གསོ་རིག་དང་གསེར་ཁབ་ལྟེ་གནས།
“མི་ཐབས་རིག་ནུས་ལག་རྩལ་གྱིས་ཀྲུང་ལུགས་གསོ་རིག་གི་སྨན་བཅོས་ལ་གོ་སྐབས་དེ་བས་མང་བ་བསྐྲུན་པ”
ལྷོ་ཨ་ཧྥེ་རི་ཁའི་གཡོད་ཧན་ནེ་སི་པའོ་རུ་ཡོད་པའི་ཨ་ཧྥེ་རི་ཁའི་ཀྲུང་ལུགས་གསོ་རིག་དང་གསེར་ཁབ་ལྟེ་གནས་སུ་ལོ་26ལ་སླེབས་པའི་ལྷོ་ཨ་ཧྥེ་རི་ཁའི་གཞོན་ནུ་ཁེ་ལི་སི་ཐིང་གིས་ལས་དོན་པའི་ཁྲིད་སྟོན་འོག ཀྲུང་ལུགས་གསོ་རིག་གི་མི་ཐབས་རིག་ནུས་སྨན་བཅོས་སྒྲིག་ཆས་ཀྱི་མདུན་དུ་ཡོང་ནས་དྲན་སྐུལ་ལྟར་ངོ་གདོང་དང་ལྕེར་པར་བརྒྱབ། སྐར་མ་ཁ་ཤས་སོང་རྗེས་གཟུགས་གཞིར་དབྱེ་ཞིབ་དང་བདེ་ཐང་གི་གྲོས་འགོ་ཚུད་པའི་ཀྲུང་ལུགས་གསོ་རིག་གི་གཟུགས་པོའི་བརྟག་དཔྱད་སྙན་ཞུ་ཞིག་བརྙན་ཤེལ་སྟེང་མངོན།
“ཁྱེད་ཀྱི་ལུས་ཟུངས་ཅུང་ཞན་པ་མ་ཟད། མཇིང་ཚིགས་ཀྱི་ཁྲག་རྩ་འཁོར་རྒྱུག་ཡག་པོ་མི་འདུག”ཅེས་ཨ་ཧྥེ་རི་ཁའི་ཀྲུང་ལུགས་གསོ་རིག་དང་གསེར་ཁབ་ལྟེ་གནས་ཀྱི་འགན་འཁུར་བ་དང་གཡོད་ཧན་ནེ་སི་པའོ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་གཞོན་པ་ཧུའུ་ཙི་ཅིང་གིས་ལྕེའི་ནད་རྟགས་ནས་མཇིང་རྩའི་གནས་ཚུལ་བར་ཁེ་ལི་སི་ཐིང་ལ་རེ་རེ་བཞིན་འགྲེལ་བཤད་བརྒྱབ།
ཨ་ཧྥེ་རི་ཁའི་ཀྲུང་ལུགས་གསོ་རིག་དང་དེ་བཞིན་གསེར་ཁབ་ལྟེ་གནས་ནི་གཡོད་ཧན་ནེ་སི་པའོ་སློབ་ཆེན་གྱི་གསེར་ཁབ་ནད་ཐོག་སྨན་བཅོས་ཀྱི་ལག་ལེན་རྟེན་གཞི་ཞིག་ཡིན་ཞིང་། 2020ལོ་ནས་བཟུང་གཡོད་ཧན་ནེ་སི་པའོ་སློབ་ཆེན་གྱིས་གསེར་ཁབ་ཆེད་ལས་སློབ་ཚན་བཀོད་སྒྲིག་བྱས་ནས་ལོ་རེར་དངོས་གཞིའི་ཚན་ཁག་གི་སློབ་མ་50དང་ཞིབ་འཇུག་སློབ་མ་20ཙམ་བསྡུས་ཏེ། སློབ་ཚན་ཁྲིད་པ་དང་ནད་ཐོག་སྨན་བཅོས་ཀྱི་ལག་ལེན་ཟུང་འབྲེལ་གྱིས་ཡུལ་དེ་གར་ཀྲུང་ལུགས་གསོ་རིག་གི་ཤེས་ལྡན་པ་གསོ་སྐྱོང་ཤུགས་ཆེན་བྱས་ཡོད།
ཉེ་བའི་ལོ་ཤས་རིང་། ཨ་ཧྥེ་རི་ཁའི་ཀྲུང་ལུགས་གསོ་རིག་དང་དེ་བཞིན་གསེར་ཁབ་ལྟེ་གནས་ཀྱིས་ཀྲུང་ལུགས་གསོ་རིག་གི་མི་ཐབས་རིག་ནུས་སྨན་བཅོས་སྒྲིག་ཆས་ནང་འདྲེན་བྱས་ཏེ་སྨན་བཅོས་ཀྱི་བརྒྱུད་རིམ་དེ་བས་ལེགས་སུ་བཏང་ཡོད། “སྒྲིག་ཆས་ཀྱིས་ངོ་གདོང་དང་ལྕེ་སོགས་ཀྱི་གྲངས་གཞིར་གཞིགས་ནས་ནད་པའི་གཟུགས་གཞིར་དབྱེ་ཞིབ་བྱེད་ཐུབ་པ་མ་ཟད། གྲངས་གཞིའི་མཛོད་ནང་གི་ནད་དཔེ་འབོར་ཆེན་དང་ཟུང་འབྲེལ་བྱས་ནས་སྨན་པར་ནད་ངོ་ཆོད་པར་དཔྱད་གཞི་མཁོ་འདོན་བྱེད་ཀྱི་ཡོད”ཅེས་ཕ་ཐེར་གྱིས་བཤད།
འབྲེལ་ཡོད་གསར་འགྱུར།