དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ལུག་རྫི་ནས་འཛམ་གླིང་གི་ཨང་དང་པོར་གྱུར་བའི་གཞོན་ནུ་མ།

    —— བོད་རིགས་ལུས་རྩལ་པ་ཚེ་བརྟན་གཡུ་སྒྲོན་གྱི་ཁྱིམ་ཚང་ལོ་རྒྱུས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-04-10


    འདི་ནི་2025ལོར་ཚེ་བརྟན་གཡུ་སྒྲོན་ལ་ཨེ་ཤེ་ཡའི་དགུན་དུས་ཨོ་རྩལ་འགྲན་ཚོགས་སྐབས་དགུ་པའི་གངས་ཤུད་རི་འཛེག་གི་བུད་མེད་ཀྱི་ཐག་ཐུང་མཐའ་བསྡུར་ལ་ཨང་དང་པོ་ཐོབ་པ།

    འདི་ནི་ཚེ་བརྟན་གཡུ་སྒྲོན་ལ་ཐོབ་པའི་བྱ་དགའི་རྟགས་མ་ཡིན་པ།

    འདི་ནི་2026ལོའི་ཟླ་2ཚེས་19ཉིན་པུ་ལུར(རྒྱབ་མ)དང་རུ་གྲོགས་ཚེ་བརྟན་གཡུ་སྒྲོན་གྱིས་སྨི་ལན-ཁོར་ཏི་ནཱ་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གངས་ཤུད་རི་འཛེག་གི་མཉམ་བསྲེས་མཐུད་འགྲན་ནང་ཞུགས་བཞིན་པ།པར་རིས་འདི་དག་གི་ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ།

    མི་རབས་གསུམ་གྱི་རིང་ལ་ཁྱིམ་ཚང་གཅིག་ལ་འགྱུར་ལྡོག་ཇི་འདྲ་ཡོང་སྲིད་དམ།

    ལོ་ངོ་70ཡི་གོང་། བཀྲ་ཤིས་དབང་གྲགས་ཟེར་བའི་བོད་རིགས་གཞོན་ནུ་ཞིག་གི་སེམས་ལ་ཕྱིས་སུ་རང་ཉིད་ཀྱི་བུ་རབས་ཚ་རྒྱུད་བྱ་དགའ་ལེན་སྟེགས་སུ་འཛེགས་ནས་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་ཤིག་གི་གྲགས་ཅན་པར་འགྱུར་སྲིད་པ་གཏན་ནས་འཁོར་མྱོང་མེད་ལ། བོད་རྙིང་པའི་ཞིང་བྲན་ཞིག་ཡིན་པའི་ཁོང་གིས་སྐབས་དེ་དུས་རང་ཉིད་དར་མ་ཆགས་ཆགས་འཇིག་རྟེན་མི་ཡུལ་དུ་བསྡད་ཡོང་སྙམ་པའང་བྱུང་མེད།

    2026ལོའི་ཟླ་2པར། བོད་རིགས་བུ་མོ་ཞིག་གིས་ཀྲུང་གོའི་འཐུས་མི་རུ་ཁག་གི་ཚབ་བྱས་ཏེ་སྨི་ལན་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གསར་དུ་བསྣན་པའི་རྣམ་གྲངས་གངས་ཤུད་རི་འཛེག་འགྲན་བསྡུར་གྱི་འགྲན་རར་ཞུགས། ཨར་པི་སི་རི་རྒྱུད་ཀྱི་གངས་ཤུད་འགྲན་ལམ་དུ། འགྲན་ར་ཡོངས་ནས་ལོ་ན་ཆུང་ཤོས་ཡིན་པའི་བུ་མོ་དེས་རུ་མི་དང་མཉམ་དུ་འགྲན་བསྡུར་ལ་ཞུགས་ཐེངས་དང་པོ་ཁོ་ནར་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཨང་བརྒྱད་པོའི་གྲས་སུ་ཚུད་ནས་ཀྲུང་གོའི་གངས་སྟེང་ལུས་རྩལ་གྱི་འཕེལ་རྒྱས་ལ་གོམ་པ་གསར་པ་ཞིག་སྤོས་ཡོད།

    བུ་མོ་དེའི་མིང་ལ་ཚེ་བརྟན་གཡུ་སྒྲོན་ཟེར་བ་དང་། བཀྲ་ཤིས་དབང་གྲགས་ཀྱི་ཚ་མོ་རེད།

    ཁྱིམ་ཚང་གཅིག་གི་མི་རབས་གསུམ་གྱི་ལས་དབང་གི་འགྱུར་ལྡོག་ཆེན་པོ་དེ་ནི་ལོ་ངོ་67གོང་གི་སྤྱི་ཚོགས་ཀྱི་འཕོ་འགྱུར་ཞིག་ལས་བྱུང་ཞིང་། 1959ལོའི་ཟླ་3ཚེས་28ཉིན། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་དམངས་གཙོའི་བཅོས་སྒྱུར་གྱིས་བོད་ཀྱི་མུན་ནག་དང་རྗེས་ལུས་ཀྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཐལ་བའི་རྡུལ་དུ་བརླགས་པ་དང་། ཞིང་བྲན་ཁྲི་ཚོ་བརྒྱར་ཚེ་སྲོག་གསར་པ་ཐོབ་ནས་མི་གྲངས་ལས་འདས་པའི་མི་ཚེའི་ལམ་དུ་དུས་དེ་ནས་བཟུང་འགྱུར་ལྡོག་འགྲོ་འགོ་ཚུགས།

    དཀའ་སྡུག་ནས་ཚེ་སྲོག་གསར་པ་ཐོབ་པའི་བར་སྤོ་བོ་བཀྲ་ཤིས་དབང་གྲགས་དང་ཚ་མོ་ཚེ་བརྟན་གཡུ་སྒྲོན་གྱི་གཏམ་རྒྱུད་ལས་ཁྱིམ་ཚང་གི་ལོ་རྒྱུས་ཤིག་གྲུབ་པ་མ་ཟད། བོད་གསར་པར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ་དང་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པའི་དཔང་རྟགས་ཁུངས་བཙན་ཞིག་ཀྱང་གྲུབ་ཡོད།

    མཚན་མོ་རིང་པོར་སྐྱ་རེངས་ཤར།

    དུས་རབས་ཕྱེད་ཀ་ལྷག་ཙམ་གྱི་གོང་། ཧི་མ་ལ་ཡའི་རི་འདབས་ཀྱི་མཚན་མོ་ཞིག་ལ། ལོ་ན་ཕྲ་བའི་བཀྲ་ཤིས་དབང་གྲགས་དང་ཁོང་གི་ཨ་མས་ཕན་ཚུན་དམ་པོར་འཐམས་ནས་གྲང་ངད་སེལ་ཐབས་བྱས། འདི་ནི་བོད་རིགས་ལོ་ཆུང་ཞིག་གསོན་པོར་འཚོ་བའི་ཆེད་དུ་ཁྱིམ་ནས་བྲོས་ཐེངས་དང་པོ་རེད། ལྟག་རྒྱབ་ཏུ་བཞག་པའི“ཁྱིམ”དེ་ནི་མངའ་བདག་ས་ཆའི་སྟེང་གི་བ་ཚང་ཞིག་ཡིན་ཞིང་། མདུན་ཕྱོགས་ཀྱི་རི་ཚོགས་ནི་སྐབས་དེ་དུས་ནུབ་ཕྱོགས་ཀྱི་མྱུལ་དཔྱད་པའི་ཟེར་སྒྲོས་ཀྱི་ཡིད་འོང“ཤམ་བྷ་ལ”ཡིན་མོད། འོན་ཀྱང་ཁོང་གིས་རང་ཉིད་ཀྱི་མདུན་ལམ་གང་དུ་ཡོད་མིན་མ་ཤེས།

    སྐབས་དེའི་བོད་ཀྱི་ཉམ་ཐག་མི་སེར་མང་པོ་དང་འདྲ་བར། བཀྲ་ཤིས་དབང་གྲགས་ནི་སྐྱེས་མ་ཐག་ནས་མི་ལུས་དང་རྒྱུ་ནོར་གྱི་རང་དབང་མེད་པའི་ཞིང་བྲན་ཞིག་རེད། ཆུང་དུས་ནས་ཁོང་ཨ་མ་དང་མཉམ་དུ་མངའ་བདག་གི་གཞིས་ཀར་འཚེམ་བཟོ་བྱེད་ཀྱི་ཡོད་ཅིང་། “བ་ཚང་དུ་སྡོད་དགོས་པ་དང་། རྩམ་པའང་ཟ་ཚོད་བྱེད་དགོས” བོད་རྙིང་པའི་ཞལ་ལྕེར་གཞིགས་ན། ཁོང་ཚོའི་ནང་མི་ཚང་མ་མངའ་བདག་གཞིས་ཀའི་རྒྱུ་ནོར་ཡིན་པས་ཚེ་སྲོག་ནི་རྩྭ་དང་འདྲ་བར་བརྩི་མཐོང་གཏན་ནས་མེད།

    ཁྲལ་འུ་ལག་དང་དཔྱ་ཁྲལ་ལྕི་པོ་ཁུར་བཟོད་མ་ཐུབ་པའི་བཀྲ་ཤིས་དབང་གྲགས་མ་བུ་གཉིས་པོ་འུ་ཐུག་ཐབས་ཟད་ངང་བྲོས་བྱོལ་དུ་འགྲོ་རྒྱུ་ལས་མ་འདས།

    ལམ་བར་དུ་ལྟོ་བསློངས་ནས་དཀའ་བ་ཁྱད་དུ་བསད་དེ་ལྷོ་ཕྱོགས་སུ་བསྐྱོད་པ་དང་། མཐར་ལྷུན་རྩེ་རྫོང་རི་རོང་ཤང་གི་ས་ཁོངས་སུ་གནས་བཅས། བཀྲ་ཤིས་དབང་གྲགས་ལ་ཁོང་དང་འདྲ་བར་བྲོས་བྱོལ་དུ་ཡོང་བའི་བུ་མོ་ཆོས་འཛོམས་ངོ་ཤེས་པ་མ་ཟད། ལས་འཕྲོའི་མདུད་པ་ཐེབས་ནས་བཟའ་ཚང་དུ་གྱུར། འོན་ཀྱང་ཁོང་ཚོ་སྔར་བཞིན་ཆགས་ས་རྟེན་ས་མེད་པས་མུ་མཐུད་བྲན་གཡོག་བྱས་ཏེ་བསྡད།

    ལོ་རྒྱུས་ཀྱི་འཕོ་འགྱུར་རླབས་པོ་ཆེ་ལས་ཁོང་ཚོའི་འཚོ་བར་འགྱུར་ལྡོག་བྱུང་།

    1959ལོའི་ཟླ་3ཚེས་28ཉིན། ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་ཟིལ་རླབས་དགུང་འཕྱུར་གྱི་དམངས་གཙོའི་བཅོས་སྒྱུར་བྱས་ནས་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཐལ་བའི་རྡུལ་དུ་བརླགས། དུས་དེ་ནས་བཟུང་། མིས་མི་བྲན་དུ་བཀོལ་བའི་མུན་ནག་གི་ལོ་ཟླ་གངས་ལྗོངས་ས་མཐོར་འདས་ཟིན་པའི་ལོ་རྒྱུས་སུ་གྱུར།

    བཀྲ་ཤིས་དབང་གྲགས་ཀྱི་ངོས་ནས་བརྗོད་ན། དུས་རབས་ཀྱི་འཕོ་འགྱུར་ལས་བྱུང་བའི་ཐད་ཀའི་འགྱུར་ལྡོག་ནི་བཅིངས་འགྲོལ་དམག་ཡོང་ནས་ཁོང་ཚོར་ས་ཞིང་བགོས་པ་དེ་རེད།

    བཀྲ་ཤིས་དབང་གྲགས་ཐེངས་དང་པོ་རང་ཉིད་ལ་བདག་པའི་ཁང་པའི་ནང་སྡོད་རྒྱུ་བྱུང་བ་དང་རང་ཉིད་ལ་དབང་བའི་ས་ཞིང་རག་ནས། ཁོང་ཐེངས་དང་པོ་སྤྱི་མཐུན་རྒྱལ་ཁབ་གསར་པའི་སྤྱི་དམངས་ཤིག་ལ་གྱུར།

    རི་ཁུག་ནས་རྡོག་ཐོན་བྱས།

    དུས་རབས་ཕྱེད་ཀ་ལྷག་ཙམ་སོང་རྗེས། ལྷུན་རྩེ་རྫོང་རི་རོང་ཤང་གི་ས་བབ་སྨི་4000ལྷག་ཙམ་ཡོད་པའི་རི་དེའུ་སྟེང་ལོ་ན་ཕྲ་བའི་ཚེ་བརྟན་གཡུ་སྒྲོན་ལུག་འཚོ་བཞིན་ཡོད། ཁོ་མོའི་སྤོ་བོ་བཀྲ་ཤིས་དབང་གྲགས་ལོ་ན་བགྲེས་པས་ལུག་རྫིར་འགྲོ་རྒྱུ་དེ་ཁོ་མོ་དང་ཕ་བསྟན་འཛིན་ཆོས་འཕེལ་གྱི་ཕྲག་ཐོག་ཏུ་བབས།

    མི་རབས་གསུམ་གྱི་ལུག་རྫིའི་མྱོང་བ་ཐ་དད་ཡིན་ཞིང་། སྤོ་བོ་བཀྲ་ཤིས་དབང་གྲགས་ཀྱི་ངོས་ནས་བརྗོད་ན། རང་ཁྱིམ་གྱི་མཚེར་སར་ལུག་འཚོ་རྒྱུ་བྱུང་བ་མ་ཟད། ལུག་བོར་ནའང་ལྕག་ཚན་གཟེད་མི་དགོས་པ་དེ“བསམ་པའི་ཡུལ་ལའང་འཁོར་མྱོང་མེད་པའི་བྱ་བ་བཟང་པོ”ཞིག་ཡིན་པ་དང་། ཕ་བསྟན་འཛིན་ཆོས་འཕེལ་གྱི་ངོས་ནས་བརྗོད་ན། སྐབས་དེ་དུས་དཔལ་འབྱོར་འཕེལ་རྒྱས་ཅུང་རྗེས་ལུས་ཡིན་པའི་བོད་ཀྱི་ཞིང་འབྲོག་ཁུལ་དུ་ལུག་རྫི་བྱེད་པ་ནི་ཁྱིམ་ཚང་སྐྱོང་བའི་གདམ་ག་ཡག་པའི་གྲས་ཤིག་ཡིན་པ་རེད།

    འོན་ཀྱང་། ཚེ་བརྟན་གཡུ་སྒྲོན་གྱི་སེམས་ནང་ལུག་རྫིར་འགྲོ་བ་ནི་བྱིས་དུས་སློབ་གསེང་འཚོ་བའི་ཁྲོད་ཀྱི་བརྗེད་པར་དཀའ་བའི་བྱ་བ་ཞིག་རེད། 2006ལོར་སྐྱེས་པའི་ཁོ་མོ་ཆུང་དུས་ནས་གཟུགས་སྟོབས་ཆེ་ཞིང་། རྟག་ཏུ་རྐང་ཐང་མར་ས་བབ་སྨི་བཞི་སྟོང་ལྔ་སྟོང་ཡོད་པའི་རི་ལ་འཛེགས་ཏེ་བོར་བརླགས་སོང་བའི་ལུག་འཚོལ་བར་འགྲོ་གི་ཡོད།

    རྒན་རབས་ཚོ་དང་མི་འདྲ་ས་ནི་ཚེ་བརྟན་གཡུ་སྒྲོན་གྱི་མི་ཚེ་ལུག་རྫི་བྱེད་པའི་མིག་རྒྱང་ཐུང་ཐུང་འདི་འདྲ་ཁོ་ན་མིན་པར། ཆུང་དུས་ནས་ལུས་རྩལ་དགེ་རྒན་ཞིག་བྱེད་ཨང་སྙམ་གྱི་ཡོད། དེར་བརྟེན་ཐེངས་ཤིག་ལྷོ་ཁ་གྲོང་ཁྱེར་གྱི་གཙོ་གནད་ལས་ཞོར་ལུས་རྩལ་སློབ་གྲྭས་སློབ་མ་བསྡུ་བར་ཡོང་ནས་ཁོ་མོ་འདེམ་སྐབས་ཁོ་མོས་ཕ་མ་དང་གྲོས་བསྡུར་ཙམ་ཡང་མ་བྱས་པར་ལམ་སེང་འགྲོ་རྒྱུར་སེམས་ཐག་བཅད། “ལྷོ་ཁའི་ལུས་རྩལ་སློབ་གྲྭར་ཕྱིན་ན་མདུན་ལམ་གང་འདྲ་ཡོད་མེད་ཤོད་དཀའ་རུང་། གང་ལྟར་འཇིག་རྟེན་གསར་པ་ཞིག་ལ་ལྟ་བར་འགྲོ་འདོད་འདུག”ཅེས་ཚེ་བརྟན་གཡུ་སྒྲོན་གྱིས་བཤད།

    ཚེ་བརྟན་གཡུ་སྒྲོན་གྱི་ཨ་མ་བདེ་སྐྱིད་སྒྲོལ་མས་དང་ཐོག་བུ་མོ་ཐག་རིང་པོར་གཏོང་འདོད་བྱེད་ཀྱི་མེད། “ཕྱིས་སུ་ལུས་རྩལ་སློབ་གྲྭར་ཕྱིན་ན་མདུན་ལམ་ཡོད་པ་གོ་ཐོས་བྱུང་བས། ང་ཚོས་བུ་མོར་རྒྱབ་སྐྱོར་བྱས་པ་ཡིན། བུ་མོའི་བསམ་དོན་འགྲུབ་པའི་རེ་བ་ཡོད”ཅེས་བདེ་སྐྱིད་སྒྲོལ་མས་བཤད།

    ལོ་དེར་ལོ་10ལ་སླེབས་པའི་ཚེ་བརྟན་གཡུ་སྒྲོན་ནི་ནང་མི་ཚོའི་ཁྲོད་ནས་གྲོང་ཁྱེར་དུ་སྐྱོད་མཁན་དང་པོར་གྱུར། རླངས་འཁོར་ལ་བསྡད་དེ་ཀྱག་ཀྱོག་རི་ལམ་བརྒྱུད་ཆུ་ཚོད་ལྔ་ཙམ་བསྐྱོད་མཐར་ཁོ་མོ་ལྷོ་ཁ་གྲོང་ཁྱེར་དུ་འབྱོར་བ་དང་། དེ་ནས་བཟུང་ཁོ་མོས་འདུར་འགྲོས་སྦྱོང་བརྡར་བྱེད་འགོ་བརྩམས།

    སྐབས་དེ་དུས་རྒྱལ་ཁབ་རུ་ཁག་གིས་སྣེ་ཁྲིད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁག་གཉིས་ཀྱང་དུས་གཅིག་ཏུ་ཐོན་པ་མ་ཟད། མི་རིང་བར་ཁྱིམ་ཚང་དེའི་ལས་དབང་ལ་སླར་ཡང་འགྱུར་ལྡོག་བྱུང་བ་རེད།

    གངས་སྟེང་ལུས་རྩལ་དང་ལས་འབྲེལ་བྱུང་བ།

    2012ལོའི་ལོ་མཇུག་ཏུ་དུས་རབས་གསར་པའི་དབུལ་སྒྲོལ་འགག་སྒྲོལ་བྱེད་འགོ་ཚུགས་པ་ལས། སྔོན་ཆད་ཀྱི་གྲོང་ཚོར་ཡང་རིམ་བཞིན་འགྱུར་ལྡོག་འགའ་བྱུང་བ་སྟེ། གཞུང་ལམ་ཁྱིམ་གྱི་སྒོ་རྩ་བར་བཏིང་པ་དང་། ཁྱིམ་དུ་ཆུ་ཀ་ལ་དང་གློག་ཁྲིད་པ་སོགས་བཀྲ་ཤིས་དབང་གྲགས་ཀྱིས་མིག་མཐོང་ལག་ཟིན་བྱུང་བ་མ་ཟད། དབུལ་སྐྱོར་ལས་བྱེད་པ་རྟག་ཏུ་འཚམས་འདྲིར་ཡོང་ནས་ཁོང་གི་ཁྱིམ་ལ་སྲིད་ཇུས་རང་བཞིན་གྱི་ཐ་སྐྱོང་ཁ་གསབ་རོགས་དངུལ་སྤྲད་ཡོད། 2019ལོར་ལྷུན་རྩེ་རྫོང་གི་དབུལ་ཞྭ་དངོས་སུ་ཕུད་པ་རེད།

    རང་ཡུལ་རྒྱབ་ཏུ་བསྐྱུར་ནས་ཕུགས་བསམ་དོན་དུ་གཉེར་མཁན་ཚ་མོ་ཚེ་བརྟན་གཡུ་སྒྲོན་གྱིས་ཀྱང་སྤོ་བོ་བཀྲ་ཤིས་དབང་གྲགས་ཀྱི་རེ་བ་ཆུད་ཟོས་སུ་བཏང་མེད་ཅིང་། སློབ་གྲྭར་སྦྱོང་བརྡར་བྱས་ནས་ལོ་ཤས་ལས་མ་སོང་བར་རང་ཉིད་ཀྱི་ཚ་མོ་རྒྱལ་ཁབ་རུ་ཁག་ལ་ཚུད་པ་དང་། ཁོ་མོས་སྦྱོང་བརྡར་བྱེད་པ་ནི་དེ་སྔ་ཡེ་ནས་ཐོས་མྱོང་མེད་པའི་གངས་ཤུད་རི་འཛེག་ཅེས་པའི་རྣམ་གྲངས་ཤིག་ཡིན་པ་མི་རིང་བར་བགྲེས་སོང་ལ་གོ་ཐོས་བྱུང་།

    2017ལོར་གངས་ཤུད་རི་འཛེག་རྒྱལ་ཁབ་གཞོན་ནུའི་རུ་ཁག་བཙུགས་པ་དང་། བོད་ཀྱི་བདམས་ཐོན་པ་བསོད་ནམས་ཆོས་སྒྲོན་གྱིས་2020ལོའི་ལུའོ་སན་དགུན་དུས་གཞོན་ནུའི་ཨོ་རྩལ་འགྲན་ཚོགས་ལ་ཀྲུང་གོའི་རུ་ཁག་ལ་ཨང་བཞི་པ་གཉིས་བླངས་པས། རྒྱལ་སྤྱིའི་གངས་ཤུད་རི་འཛེག་ལས་རིགས་ཀྱིས་ཀྲུང་གོའི་གངས་སྟེང་གི་གཞོན་ནུའི་སྟོབས་ཤུགས་ལ་དོ་སྣང་བྱུང་བ་རེད།

    2020ལོར་རྒྱལ་ཁབ་མཉམ་འཛོམས་སྦྱོང་བརྡར་རུ་ཁག་གིས་རྣམ་གྲངས་བརྒལ་བའི་འདེམས་སྒྲུག་སླར་ཡང་བྱེད་འགོ་ཚུགས་པ་རེད། ལུས་རྩལ་ཐང་དུ་བང་རིང་པོ་བསྒྲིགས་ནས་ཡོད་པའི་ལུས་རྩལ་པ་ཚོའི་ཁྲོད་ནས་ལོ་14ལ་སླེབས་པའི་ཚེ་བརྟན་གཡུ་སྒྲོན་གྱིས་གངས་ཤུད་རི་འཛེག་ཟེར་བ་གང་ཡིན་མིན་གཏན་ནས་ཤེས་ཀྱི་མེད། སྐབས་དེ་དུས་ལོ་གསུམ་གྱི་རྗེས་སུ་རང་ཉིད་ཐེངས་དང་པོར་ཕྱི་རྒྱལ་དུ་འགྲན་བསྡུར་ལ་བསྐྱོད་དེ། གསར་དར་རྣམ་གྲངས་དེའི་འཛམ་གླིང་གི་ཨང་དང་པོ་ལེན་མཁན་གཞོན་ནུ་མ་ཞིག་ཏུ་གྱུར་ཡོང་སྙམ་པ་ཁོ་མོའི་བློ་ཡུལ་ལས་ཡོངས་སུ་འདས།

    “རུ་ཁག་བཙུགས་རྗེས་ང་ཚོས་འཛེག་རྩལ་གྱོང་ལོས་བལྟས་པ་ཡིན། བུ་དང་བུ་མོ་མཉམ་དུ་འགྲན་བསྡུར་བྱས་པས་མཐར་ཨང་དང་པོ་ཚེ་བརྟན་གཡུ་སྒྲོན་གྱིས་བླངས་སོང”ཞེས་རྒྱལ་ཁབ་རུ་ཁག་གི་རྩལ་ཁྲིད་པ་གཙོ་བོ་ཅིན་དབྱི་པོ་ཡིས་རང་ཉིད་ཀྱི་དགེ་ཕྲུག་སྐོར་གླེང་སྐབས་སྤོབས་པ་ཆེན་པོས་དེ་ལྟར་བཤད། ས་བབ་མཐོ་སར་འཚར་ལོངས་བྱུང་བའི་ལྷན་སྐྱེས་ཀྱི་མཐུན་རྐྱེན་ལས་ཚེ་བརྟན་གཡུ་སྒྲོན་ལ་ཁྱད་དུ་འཕགས་པའི་འཛེག་རྩལ་ལྡན་མོད། འོན་ཀྱང་མི་རྣམས་ལ་བག་ཆགས་ཟབ་ཤོས་བྱུང་བ་ནི་གང་ལའང་ཇི་མི་སྙམ་པའི་ཁོ་མོའི་ངར་ཤུགས་དེ་རེད།

    མི་མང་པོ་ཞིག་གི་ལྟ་སྣང་ལ་ཚེ་བརྟན་གཡུ་སྒྲོན་ནི་ལྷན་སྐྱེས་ཀྱི་ལུས་རྩལ་པ་རང་རེད་སྙམ་པ་ཞིག་ཡོང་གི་ཡོད། “ང་ནི་ཨང་དང་པོ་ལེན་འདོད་པ་ལས་ཕམ་ཁ་གཏན་ནས་འཁུར་འདོད་མི་འདུག”“མི་སུ་འདྲ་ཞིག་ཡིན་རུང་མིག་མདུན་ཁོ་ནར་ཡིད་ཚིམས་ནས་མ་བསྡད་པར་འགྲན་སློང་བྱེད་དགོས་ལ་ཟམ་མི་ཆད་པར་ཚད་བརྒལ་ཡོང་བ་བྱེད་དགོས”ཞེས་ཁོ་མོས་བཤད།

    འབྱུང་འགྱུར་གྱི་ཕུགས་འདུན་དོན་དུ་གཉེར་བ།

    2026ལོའི་སྨི་ལན་དགུན་དུས་ཨོ་རྩལ་འགྲན་ཚོགས་སུ་གངས་ཤུད་རི་འཛེག་དེ་ཉིད་འགྲན་བསྡུར་རྣམ་གྲངས་དངོས་ལ་བརྩིས་པ་དང་། དུས་ཡུན་ལོ་102ཀྱི་རྗེས་སུ་སླར་ཡང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གར་སྟེགས་སུ་ལོག་ཅིང་། ཚེ་བརྟན་གཡུ་སྒྲོན་གྱིས་ཨར་པི་སིའི་རི་རྒྱུད་ཀྱི་གངས་སྟེང་ནས་བྱ་འཕུར་བ་ལྟར་ཐུར་དུ་བབས། གཞོན་ནུའི་ཚོགས་པའི་འཛམ་གླིང་འགྲན་བསྡུར་ཆེ་མོར་ཧ་ལམ་ཨང་དང་པོ་ཚང་མ་བླངས་རྗེས་ལོ་19ལ་སླེབས་པའི་ཀྲུང་གོའི་བུ་མོ་དེ་ཨེ་ཤེ་ཡའི་བདམས་ཐོན་པ་གཅིག་པུ་དེར་གྱུར་བ་དང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གངས་ཤུད་རི་འཛེག་གི་འགྲན་རར་ཞུགས།

    འགྲན་བསྡུར་འགོ་ཚུགས་པའི་ཉིན་མོ་དེ་ནི་བོད་ཀྱི་ལོ་གསར་གྱི་ཚེས་གཉིས་ཡིན་ཡང་། རི་ཆུ་སྟོང་གིས་ཆོད་པའི་ཕ་ཡུལ་དུ་ནང་མི་རྣམས་བློ་རྩེ་གཅིག་སྒྲིམ་གྱིས་ཚེ་བརྟན་གཡུ་སྒྲོན་གྱི་འགྲན་བསྡུར་ལ་བལྟས་ནས་བསྡད་ཡོད།

    ལོ་གསར་མ་བཏང་གོང་ཨ་མ་བདེ་སྐྱིད་སྒྲོལ་མས་རྫོང་དུ་ལོ་གསར་མཁོ་ཆས་ཉོ་བར་བསྐྱོད་ཅིང་། ལམ་བར་དུ་འཕྲད་པའི་ངོ་ཤེས་ཚང་མས་ཁོང་གི་ཁྱིམ་ལ་འཛམ་གླིང་གི་འགྲན་བསྡུར་ལ་ཨང་དང་པོ་ལེན་མཁན་བུ་མོ་ཞིག་ཡོད་པ་ཤེས་ཀྱི་ཡོད། ཕ་བསྟན་འཛིན་ཆོས་འཕེལ་གྱིས་སྤོབས་པ་ཆེན་པོས་ཁྱིམ་གྱི་སྟོན་ལས་སུ་སྤྱོད་པའི་འདྲུད་འཐེན་འཕྲུལ་འཁོར་དེ་ནི་ཚེ་བརྟན་གཡུ་སྒྲོན་གྱི་འགྲན་བསྡུར་གྱི་བྱ་དགའི་དངུལ་གྱིས་ཉོས་པ་ཞིག་རེད་ཅེས་བརྗོད་ཀྱི་ཡོད།

    ད་ཆ་དེ་སྔའི་ཞིང་བྲན་གྱི་རྗེས་རབས་པ་ས་མཐོ་ནས་ཐོན་ཏེ་འཛམ་གླིང་ཡོངས་ཀྱི་གངས་རི་གྲགས་ཅན་ཁག་གི་འགྲན་ར་ནས་ཕུགས་འདུན་མངོན་འགྱུར་བྱེད་བཞིན་ཡོད། མི་རབས་གསུམ་གྱི་ལས་དབང་གི་འཕོ་འགྱུར་ཆེན་པོ་དེ་ལས་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཀྱི་བོད་ཀྱི་སྤྱི་ཚོགས་ཀྱི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཀྱང་མཚོན་གྱི་ཡོད།

    ཁྱིམ་རྒྱུད་འདིའི་གཏམ་རྒྱུད་སྔར་བཞིན་རྩོམ་བཞིན་ཡོད་ལ། བོད་གསར་པའང་དེ་བས་འོད་སྟོང་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་གོམ་ཞེང་ཆེན་པོས་སྐྱོད་བཞིན་མཆིས། (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་འབྱོར་བའི་གློག་འཕྲིན་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།