ལྷོ་ཁ་གྲོང་ཁྱེར་གྱིས་མཐོ་སློབ་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་བརྟན་པོ་ཡོང་བར་ཕྱོགས་ཡོངས་ནས་འགན་ལེན་བྱས་པ།
ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཡོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་དམིགས་ཚད་གཉིས་གཏན་འཁེལ་གྱིས་ལས་ཞུགས་བོད་སྐྱོར་དམ་འཛིན་བྱ་གཞིར་བྱས་ཏེ། ལྗོངས་ཕྱིའི“ཚོགས་སྒྲིག་རྣམ་པའི”ཁྲོམ་ར་ཅན་གྱི་ལས་ཞུགས་ཀྱི“ལྷོ་ཁའི་བྱེད་སྟངས”བཏོད་ནས“ཕྱིར་སྐྱོད་ཐུབ་པ་དང་། སེམས་གནས་ཐུབ་པ། ལས་ཀ་བྱེད་ཐུབ་པ། མཉམ་འདྲེས་ཐུབ་པ། གཞིས་ཆགས་ཐུབ་པ”བཅས་ཀྱི་ས་མཐོའི་གཞོན་ནུའི་ལས་ཞུགས་ཀྱི་ལམ་བུ་གསར་པར་བསྐྱོད་ནས། ས་ཁོངས་སྒྲོལ་བའི་ལས་ཞུགས་ལག་ལེན་ཁྲོད་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ནམ་ཡང་བཞད་པར་བྱས་ཡོད།
ལྷོ་ཁ་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་དེ་དམངས་འཚོའི་ལས་དོན་གྱི་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་ཏང་སྲིད་ཀྱིས་གཙོ་ཁྲིད་དང་། བོད་སྐྱོར་གྱིས་རམ་འདེགས། སྡེ་ཚན་དབར་མཉམ་འགུལ། ཁྲོམ་རའི་འཁོར་སྐྱོད་བཅས་མཐའ་འཁྱོངས་བྱས་ཏེ། གོང་འོག་འབྲེལ་མཐུད་དང་མཐུན་སྦྱོར་ནུས་ཆེའི་ལས་ཀའི་མ་ལག་ཅིག་བཏོད་ཡོད། ལྷོ་ཁ་གྲོང་ཁྱེར་གྱིས་ལྗོངས་ཕྱིའི་ལས་ཞུགས་དེ་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་གཙོ་གནད་ལས་འགན་ནང་བཅུག་པས“ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་སྐུལ་འདེད་དང་། འཁོར་འབྲེལ་ཧྲིལ་པོར་འགན་སྲུང་། བརྒྱུད་རིམ་ལྡན་པའི་དོན་འཁྱོལ”བཅས་ཀྱི་ལས་ཀའི་འཕེལ་ཕྱོགས་གྲུབ་ཡོད། ཧུའུ་པེ་དང་། ཨན་ཧུའེ། ཧུའུ་ནན་བཅས་ཞིང་ཆེན་གསུམ་གྱི་ཁ་གཏད་རོགས་སྐྱོར་གྱི་ལེགས་ཆར་བརྟེན་ནས། ས་གནས་གཉིས་ཀྱི་མི་ཤུགས་དང་སྤྱི་ཚོགས་འགན་སྲུང་གིས་སྣེ་གཉིས་ལ་དམ་འཛིན་དང་བོད་སྐྱོར་ལས་དོན་རུ་ཁག་གིས་བར་དུ་མཐུན་སྦྱོར་མཉམ་ལས་ལམ་སྲོལ་བཙུགས་ནས། ལས་ཞུགས་བོད་སྐྱོར་གྱི་ལོ་འཁོར་འཆར་གཞི་བཟོས་ཏེ་ཕྱོགས་ཡོངས་ནས་ལས་གནས་རྒྱ་སྐྱེད་དང་། འགག་སྒོ་མདུན་དུ་སྤོ་བ། ལས་གཏོད་ལ་རོགས་སྐྱོར། ཤེས་རྟོགས་ཟབ་ཏུ་གཏོང་བ། མཉམ་འདྲེས་ལ་གཞི་ཚུགས་པ། འབྱུང་འགྱུར་ལ་དམིགས་པ། དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ། སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་བཅས་ཀྱི་ཆེད་དོན་བྱ་སྤྱོད་ཆེན་པོ་བརྒྱད་ལག་ལེན་བསྟར་ཏེ། ལྗོངས་ཕྱིར་ལས་ཞུགས་བྱ་རྒྱུ་དེ“ཐར་ཐོར་ངང་ཕྱིར་གཏོང”ནས“སྤུས་རྟགས་ཅན་དང་། གཞི་ཁྱོན་ཅན། རྒྱུན་རྣམ་ཅན”བཅས་ལ་འགྱུར་བར་བྱས་ཡོད། མིག་སྔའི་བར་རིམ་རྩིས་བརྒྱབ་ན་ཐེམ་ཁུངས་ལྷོ་ཁ་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་ཐུབ་པའི་མི་གྲངས་3124ཟིན་པ་དང་2025ལོར་ལྗོངས་ཕྱིར་ལས་ཞུགས་ཐུབ་པའི་མི་གྲངས་650ལྷག་ཟིན་ཏེ་སྤྱི་ཡོངས་ནས་ལས་ཞུགས་ཐུབ་ཚད་དང་ལྗོངས་ཕྱིར་ལས་ཞུགས་ཐུབ་ཚད་གཉིས་ཀ་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་རེད།
ལྷོ་ཁ་གྲོང་ཁྱེར་གྱིས་གནད་ལ་འཁེལ་བའི་སྦྲེལ་མཐུད་དེ་ལྗོངས་ཕྱིར་ལས་ཞུགས་བྱེད་པའི་ལྟེ་བའི་ལྷུ་ཚིགས་སུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་སློབ་ཐོན་སློབ་མའི“ལས་ཀ་འཚོལ་བའི་དགོས་མཁོ”དང་ཁེ་ལས་ཀྱི“ལས་མི་སྤྱོད་པའི་དགོས་མཁོ”གནད་འཁེལ་ངང་བཙལ་ནས་ཆ་འཕྲིན་གྱི་བཀག་རྒྱ་མེད་པར་བཟོ་བ་དང་ས་ཁོངས་ཀྱི་བར་ཁྱད་བསལ་ཏེ། ལས་གནས་ལ་འཚམ་པའི་མི་དང་ཤེས་ལྡན་པར་འཚམ་པའི་ལས་གནས་རྙེད་པར་བྱས་པ་དང་། ལས་ཞུགས་ཞབས་ཞུ་ཏན་ཏིག་དང་ཞིབ་ཚགས་བསྒྲུབས་ཏེ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་པ་དང་ལས་ཞུགས་ཡག་པོ་ཐུབ་པར་བྱས་ཡོད། སློབ་ཐོན་སློབ་མའི་ཆེད་ལས་དང་། དམིགས་བསལ་ཁྱད་ཆོས། ལས་ཞུགས་ཀྱི་འདོད་མོས་བཅས་ཕྱོགས་ཡོངས་ནས་མཐིལ་རྟོགས་བྱས་ཏེ་བབ་བསྟུན་ཆ་འཕྲིན་མཛོད་བཙུགས་པ་དང་དུད་ཚང་དུ་བཅར་འདྲི་དང་། དྲ་ཐོག་ནས་ཁྱབ་གདལ། སྲིད་ཇུས་སྒྲོག་འགྲེལ་སོགས་ཀྱི་བྱ་ཐབས་བརྒྱུད་གཞོན་ནུ་ཚོའི་ལས་ཞུགས་འདུ་ཤེས་བསྒྱུར་བར་ཁྲིད་སྟོན་དང་ཁྲོམ་ར་ཅན་གྱི་ལས་ཞུགས་འདུ་ཤེས་བཙུགས་ཡོད། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་ཐོན་ཁུངས་ལ་བརྟེན་ཏེ་སྤུས་ལེགས་ལས་གནས་གནད་འཁེལ་གསར་སྤེལ་བྱས་ཏེ། འོད་གློག་རྡུལ་ཕྲན་གྱི་ཆ་འཕྲིན་དང་། དེང་རབས་ཞབས་ཞུ། གཞུང་ཁོངས་ཁེ་ལས་དང་བྱ་གཞག་ཚན་པ་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་ནས་ལོ་རེར་ཆ་སྙོམས་ལས་གནས་ཁྲི་1ལྷག་ཙམ་གསར་སྤེལ་བྱས་པ་དང་ལས་གནས་85%ཡན་ཆེད་ཚན་སློབ་རྒྱུས་ལྡན་པའི་སློབ་ཐོན་སློབ་མར་ཕྱོགས་ཡོད།
ས་མཐོའི་ན་གཞོན་ཁེར་རྐྱང་དུ་སྡོད་འདོད་མེད་པ་དང་། ས་ཆ་མི་འཕྲོད་པ། མཉམ་དུ་སྡོད་འདོད་ཡོད་པ་བཅས་ཀྱི་ལས་ཞུགས་ཀྱི་ཁྱད་ཆོས་དངོས་ལ་གཞི་ཚུགས་ཤིང་། “ཚོགས་སྒྲིག་རྣམ་པའི”ཁྲོམ་ར་ཅན་གྱི་ལས་ཞུགས་གསར་གཏོད་དང་ཁྱབ་གདལ་གཏོང་བ་དང་། “ས་གནས་གཅིག་དང་། གླིང་ཁུལ་གཅིག ཁེ་ལས་གཅིག”བཅས་ཀྱི་གཅིག་སྡུད་བསྡུ་ལེན་བྱེད་སྟངས་འཚོལ་ཞིབ་བྱས་ཏེ། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དུ་ལྗོངས་ཕྱིའི་ལས་ཞུགས་རྟེན་གཞི་15བསྐྲུན་པ་མ་ཟད། “སྐལ་བཟང་མེ་ཏོག་གླིང་ཁུལ”དང“སེ་འབྲུའི་རྡོག་པོའི”ས་ཚིགས་བཏོད་ནས་སློབ་ཐོན་སློབ་མ་རྣམས་མཉམ་དུ་ལས་ཞུགས་དང་ཕན་ཚུན་ལྟ་སྐྱོང་ཐུབ་པར་བྱས་པ་རེད། གཅིག་སྡུད་ཕྱིར་བསྐྱོད་དང་། གཅིག་སྡུད་ལས་ཞུགས། གཅིག་སྡུད་དོ་དམ་བཅས་ལག་བསྟར་བྱས་ཤིང་། 2025ལོར་ཁག་ཐེངས་25ཡི་སློབ་ཐོན་སློབ་མ་573སྒྲིག་འཛུགས་བྱས་ཏེ་ལྗོངས་ཕྱིར“ཚོགས་སྒྲིག་རྣམ་པའི”ཁྲོམ་ར་ཅན་གྱི་ལས་ཞུགས་བྱས་པས་ལས་ཞུགས་བརྟན་པོ་ཐུབ་ཚད་80%ཡན་ཟིན་ཡོད།
“བུ་རྫི་རྣམ་པའི”ཞབས་ཞུར་བརྟེན་ནས་ལས་ཞུགས་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། སྲིད་ཇུས་དང་། འཚོ་བ། བརྩེ་སེམས་སོགས་ཀྱི་ཐད་ལ་ཕྱོགས་ཡོངས་ནས་འགན་སྲུང་བྱས་ཡོད། ཆེད་དོན་རོགས་སྐྱོར་སྲིད་ཇུས་བཏོན་ནས་སྡོད་ཁང་དང་། འགྲིམ་འགྲུལ། གཞིས་ཆགས། སྤྱི་ཚོགས་འགན་སྲུང་སོགས་ཀྱི་ཁ་གསབ་དོན་འཁྱོལ་བྱས་པ་དང་། 2025ལོ་ནས་བཟུང་རིམ་རྩིས་བརྒྱབ་ན་མཐོ་སློབ་སློབ་ཐོན་སློབ་མ་1459ལ་ལྗོངས་ཕྱིར་ལས་ཞུགས་ཀྱི་ཁ་གསབ་མ་དངུལ་སྣ་ཚོགས་སྒོར་ཁྲི་7372.91དོན་འཁྱོལ་བྱས་ཡོད། ཧོང་ཧྲི་དང་ཝུའུ་ཧུའུ་སོགས་བོད་སྐྱོར་ས་ཁུལ་དང་གྲོང་ཁྱེར་གྱིས་ཆེད་གཏོགས་ཤེས་ལྡན་པའི་སྲིད་ཇུས་བཏོན་ནས་ལྷོ་ཁའི་སློབ་ཐོན་སློབ་མ་རྣམས་ཡུལ་དེ་གའི་ཤེས་ལྡན་པའི་འགན་སྲུང་མ་ལག་ནང་བཅུག་ཡོད། ཉེ་བའི་ལོ་ཤས་རིང་། རིམ་རྩིས་བརྒྱབ་ན་ཁག་ཐེངས་4ཡི་ལྗོངས་ཕྱིའི་ལས་ཞུགས་སློབ་ཐོན་སློབ་མ་101གི་ནང་མི་ལྗོངས་ཕྱིར་གཉེན་འཕྲད་ཡོང་རྒྱུ་སྒྲིག་འཛུགས་བྱས་པ་དང་། ས་ཡུལ་དངོས་ཀྱི་མྱོང་ཚོར་ལས“ཤེས་ལྡན་པ་གཞན་ཡུལ་དུ་གཏོང་བ་དང་བསྔགས་བརྗོད་རང་ཡུལ་དུ་ཁྱབ་པའི”འཁོར་རྒྱུག་བཟང་པོ་ཆགས་ཡོད་པ་རེད།
འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཟབ་ཏུ་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་ཤིང་། ལྷོ་ཁ་གྲོང་ཁྱེར་གྱིས་ལྗོངས་ཕྱིའི་ལས་ཞུགས་དེ་མི་རིགས་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ཟམ་པ་གལ་ཆེན་དུ་བྱས་ནས་ལྗོངས་ཕྱིར་བསྐྱོད་དེ་ལས་ཞུགས་བྱེད་པའི་སློབ་ཐོན་སློབ་མ་རྣམས་རྒྱ་བོད་མཐུན་སྒྲིལ་གྱི“སྔོན་སྐྱོད་རུ་ཁག”དང་མཐའ་བརྟན་མཐའ་སྲུང་གི“སྟོབས་གསར་དམག”ལ་འགྱུར་བར་བྱས་ཡོད། སློབ་ཐོན་སློབ་མ་རྣམས་ལྗོངས་ཕྱིའི་ལས་གནས་སུ་དཀའ་སྤྱད་ལས་སྒྲུབ་དང་ས་ཆ་དེ་གར་མཉམ་འདྲེས་ཐུབ་པར་བྱས་ནས་མི་རིགས་ཀྱི་བརྩེ་སེམས་ཁྱབ་སྤེལ་ཧུར་ཐག་བྱས་ཤིང་། མི་3ལྗོངས་ཕྱིར་ལས་གཏོད་བདེ་བླག་ཐུབ་པ་དང་། མི་6ཁང་པ་ཉོས་ནས་གཞིས་ཆགས་པ། མི་2ས་གནས་དེ་གའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བདམས་པ། མི་4སྲིད་གྲོས་ཀྱི་ཨུ་ཡོན་དུ་གྱུར་པ། ད་དུང་མི་10མི་རིགས་ཕན་ཚུན་གཉེན་སྒྲིག་ཐུབ་པ་བཅས་བྱུང་ཞིང་། ཁོང་ཚོས་བྱ་སྤྱོད་དངོས་ལ་བརྟེན་ནས“རྒྱ་བོད་ཁྱིམ་ཚང་གཅིག་ལྟར་བརྩེ་བ”ལག་བསྟར་བྱས་ཏེ་བོད་ཀྱི་རིག་གནས་ཀྱི་ཁྱབ་སྤེལ་བ་དང་མི་རིགས་མཐུན་སྒྲིལ་གྱི་ལག་ལེན་པར་གྱུར་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཉིད་ལག་ལེན་ཁྲོད་མུ་མཐུད་ཟབ་ཏུ་བཏང་བ་རེད།
འབྲེལ་ཡོད་གསར་འགྱུར།