ཧྲའན་ཤིས་ཞིང་ཆེན་གྱི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རུ་ཁག་ཁག་བཅུ་གཅིག་པས།
ནམ་ཡང་གནས་ཐུབ་པའི་བདེ་ཐང་གི་སྨན་བཅོས་དཔུང་ཁག་བཏོད་པ།
ཉེ་ཆར། མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གཤགས་བཅོས་ཁང་དུ་རིམ་པ་བཞི་པའི་རྙོག་དྲ་ཆེ་བའི་གཤགས་བཅོས་ཤིག་ལམ་ལྷོངས་བྱུང་ཡོད། ཧྲའན་ཤིས་ཞིང་ཆེན་གྱི་ཁག་བཅུ་གཅིག་པའི“ཚོགས་སྒྲིག་རྣམ་པའི” བོད་སྐྱོར་རིགས་གཅིག་མཁས་ཅན་དང་ཤིས་ཨན་གྲོང་ཁྱེར་རྒྱ་གྲམ་དམར་རྟགས་ཚོགས་པའི་སྨན་ཁང་གི་རྐང་ཚིགས་ཕྱི་བཅོས་ཚན་ཁག་གི་གཙོ་བཅོས་སྨན་པ་གཞོན་པ་དབྱང་ཅེ་ཡིས་ཚོགས་པའི་སྣེ་ཁྲིད་དེ་ལོ་55ལ་སླེབས་པའི་ཞིང་འབྲོག་མང་ཚོགས་རྒྱལ་པོའི་ཉྭ་རིལ་གྱི་དབང་རྩར་རྨས་སྐྱོན་ཕོག་པའི་རྐྱེན་གྱིས་རྐང་མཐིལ་འཁྱོགས་པ་ཡོ་བཅོས་ཀྱི་གཤགས་བཅོས་བྱས་ཡོད། མངའ་རིས་ས་ཁུལ་གྱི་སྨན་བཅོས་ལག་རྩལ་གྱི་སྟོང་ཆ་སྐོང་བའི་གཤགས་བཅོས་དེས་ནད་ཀྱིས་མནར་ནས་ལོ་10སོང་བའི་ནད་པར་བསྐྱར་དུ་ལངས་ཐུབ་པའི་རེ་བ་སྦྱིན་པ་མ་ཟད། ཧྲའན་ཤིས་ཀྱི་སྨན་བཅོས་བོད་སྐྱོར་དེ“གཞན་བརྟེན་རོགས་སྐྱོར”ནས“རང་བརྟེན་སྨན་བཅོས”བར་མཆོང་སྐྱོད་བྱུང་བ་དེ་བས་ཀྱང་མངོན་ཡོད།
“ལོ་10ཡི་གོང་ང་ལྷས་རའི་ནང་ལས་ཀ་བྱེད་སྐབས་རྐང་པ་གཡས་པར་རྡོ་ཐེབས་པ་དང་དེ་དུས་འཕྲལ་མར་ཚད་ལྡན་སྨན་བཅོས་བྱེད་ཐུབ་མ་བྱུང་། དེ་རྗེས་རྐང་པ་གཡས་པའི་ཚིགས་རིམ་བཞིན་འཁྱོགས་ནས་གོམ་པ་སྤོ་སྐབས་དཀའ་ལས་ཁག་པོ་འདུག ཉེ་བའི་ལོ་གཅིག་ནང་ང་རང་ལངས་མི་ཐུབ་པས་ས་ཆ་མང་པོར་སོང་ནས་སྨན་བཅོས་བྱས་ཀྱང་གཤགས་བཅོས་རྙོག་དྲ་དང་ཉེན་ཁ་ཆེ་བས་སྨན་བཅོས་བྱེད་ཁག་པོ་ཡོད་ཅེས་ཤོད་ཀྱི་འདུག”ཅེས་རྒྱལ་པོས་དྲན་གསོ་བྱེད་བཞིན་དུ་བཤད།
2025ལོའི་དབྱར་ཁར་གོ་སྐབས་བཟང་པོ་ཞིག་བྱུང་ཞིང་། ཧྲའན་ཤིས་ཞིང་ཆེན་གྱི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རུ་ཁག་ཁག་བཅུ་གཅིག་པ་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་དུ་བཅའ་སྡོད་བྱས། རྐང་ཚིགས་ཕྱི་བཅོས་ཚན་ཁག་གི་རིགས་གཅིག་མཁས་ཅན་སྨན་བཅོས་བྱེད་པར་ཡོང་བའི་སྐོར་གོ་ཐོས་བྱུང་རྗེས་རྒྱལ་པོའི་ནང་མི་ཚོས་མཐའ་མཇུག་གི་རེ་བ་ཕྲན་བུ་ཞིག་འཆང་བཞིན་དུ་སྒོ་བསྟེན་སྨན་ཁང་གི་སྤ་སེ་སྔོན་མངགས་བྱས། བརྟག་དཔྱད་ཞིབ་ཚགས་བྱས་པ་བརྒྱུད་སྨན་པ་དབྱང་ཅེ་ཡིས་ངེས་པར་དུ་གཤགས་བཅོས་བྱས་ཏེ་ཤ་ཤུགས་སྙོམས་པོ་ཡོང་བ་བྱེད་པ་དང་རུས་པ་འཁྱོགས་པ་སྲོང་དགོས། དེ་ལྟར་མ་བྱས་ན་ནད་པ་གོམ་པ་སྤོ་མ་ཐུབ་པ་ཆགས་ཀྱི་རེད་ཅེས་བཤད་པས་འ་ཆད་འུ་ཐུག་གི་གནས་སུ་གྱར་བའི་རྒྱལ་པོར་རེ་བའི་འོད་སྣང་ཞིག་སྦྱིན།
དབྱང་ཅེ་ཡིས་འཕྲལ་མར་རུས་ནད་ཚན་ཁག་གི་ཀྲུའུ་རེན་སུན་ཤིས་ཧུའེ་དང་གྲོས་བསྡུར་བྱས། ཧྲའན་ཤིས་ཞིང་ཆེན་གྱི་བོད་སྐྱོར་སྨན་བཅོས་རུ་ཁག་ཁག་བཅུ་གཅིག་པའི་རུ་དཔོན་ཀྲང་ཞའོ་ཀང་གི་སྤྱི་འདོམས་མཐུན་སྦྱོར་འོག་ལེ་བར་སྤྱི་ལེ་སྟོང་ཕྲག་ཆོད་ཀྱང་སྨན་བཅོས་ཡོ་ཆས་འཕྲལ་དུ་བཀོད་སྒྲིག་བྱེད་འགོ་ཚུགས། ཧྲའན་ཤིས་ཞིང་ཆེན་གྱི་བོད་སྐྱོར་སྨན་བཅོས་ཐོན་ཁུངས་ཀྱི་མཉམ་འགུལ་ལམ་སྲོལ་ལ་བརྟེན་ནས་དམིགས་བསལ་གྱི་གཤགས་བཅོས་ཡོ་ཆས་དང་དེ་བཞིན་གཏན་འཇགས་ཡོ་ཆས་ལྗོངས་ཕྱི་ནས་དེ་མ་ཉིད་དུ་མངའ་རིས་སུ་དབོར། དེ་དང་ཆབས་ཅིག་ཚོགས་པས་གཤགས་བཅོས་ཀྱི་ཇུས་གཞི་ནང་སྦྱོང་ཡང་ཡང་བྱས་པ་དང་ས་མཐོར་སྦྲིད་སྨན་བརྒྱབ་ན་ཉེན་ཁ་གང་ཡོད་པ་དང་གཤགས་བཅོས་བྱས་རྗེས་ཀྱི་དྲག་སྐྱེད་སོགས་ཀྱི་གནད་དོན་ལ་དམིགས་ནས་འཕྲལ་སྡོམ་སྔོན་ཇུས་བཟོས་ཏེ་གཤགས་བཅོས་ལམ་ལྷོངས་ཡོང་བ་བྱས།
ཆུ་ཚོད་2དང་སྐར་མ་30གཤགས་བཅོས་བྱས་རྗེས་རྒྱལ་པོའི་རྐང་པ་འཁྱོག་པ་རྦད་དེ་སྲོང་ཐུབ་ཡོད། ནང་མིས་དེ་སྔོན་རྐང་པ་འཁྱོག་པ་སྲོང་ཡོད་པ་མཐོང་སྐབས་རིགས་གཅིག་མཁས་ཅན་གྱི་ལག་ནས་དམ་པོར་བཟུང་སྟེ་ཐུགས་རྗེ་ཆེ་ཡང་ཡང་ཞུས།
རྙོག་དྲ་ཆེ་བའི་གཤགས་བཅོས་དེ་ལེགས་གྲུབ་བྱུང་བ་ནི་ཧྲའན་ཤིས་ཀྱི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་ཀྱི་ཕན་འབྲས་ཐོན་པའི་གསོན་ཉམས་ལྡན་པའི་བསྡུས་རིས་ཤིག་རེད། ལག་རྩལ་རྣམ་གྲངས་རེ་རེ་བཞིན་ལ་ཚད་བརྒལ་བྱུང་བ་དེས་མངའ་རིས་ཀྱི་མི་སེར་ཚོས་སྒོ་རྩ་ནས་སྤུས་ཚད་མཐོ་བའི་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་ཡོད།
“བོད་སྐྱོར་ནི་གཤགས་བཅོས་ཐེངས་ཤིག་ལེགས་གྲུབ་བྱ་རྒྱུ་ཁོ་ན་མིན་པར་དེ་བས་ལག་རྩལ་ཆ་ཚང་ཞིག་བསླབས་པ་དང་དཔུང་ཁག་གཅིག་གསོ་སྐྱོང་བྱ་རྒྱུ་དེ་རེད”མངའ་རིས་སུ་སླེབས་རྗེས་དབྱང་ཅེས་ལག་རྩལ་བསླབ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་གནས་བབ་གལ་ཆེན་ཐོག་བཞག་ཡོད། ལག་རྩལ་དེ་དག་གིས་བོད་རིགས་སྤུན་ཟླར་སྒོ་རྩ་ནས་རྒྱལ་ནང་གི་སྨན་བཅོས་ཞབས་ཞུ་རྩེ་གྲ་ལོངས་སུ་སྤྱོད་རྒྱུ་བྱུང་བ་མ་ཟད། ལག་རྩལ་རྒྱུན་འཛིན་བྱས་པ་བརྒྱུད“ནད་ཆེན་མངའ་རིས་ནས་སྨན་བཅོས་ཐུབ་པའི”དམིགས་ཚད་ཀྱང་མངོན་འགྱུར་བྱུང་ཡོད།
ཧྲའན་ཤིས་དང་མངའ་རིས་ཀྱིས་སེམས་ནུས་གཅིག་སྒྲིལ་ངང་རྒྱུན་མཐུད་འབད་འཐབ་བྱས་པ་བརྒྱུད་ས་མཐོའི་ནད་པ་དེ་བས་མང་བར་ཚེ་སྲོག་གསར་པ་ཐོབ་པ་དང“འདི་གར་གནས་ཐུབ་པའི་སྨན་བཅོས་རུ་ཁག”གིས་བདེ་ཐང་གི་མེ་ཏོག་མངའ་རིས་ས་མཐོར་ནམ་ཡང་བཞད་ཐུབ་པར་བྱས་ཡོད། དཀའ་ཚེགས་ཆེ་བའི་སྨན་བཅོས་རོགས་སྐྱོབ་དེ་ནི་སེམས་པ་གཅིག་ཏུ་སྒྲིལ་བའི་མི་རིགས་ཀྱི་རེ་སྒུག་ཅིག་ཡིན་ལ། བྱ་སྤྱོད་དངོས་ལ་བརྟེན་ནས་བདེ་ཐང་གི་ཀྲུང་གོ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ་ངོ་མཚར་ཆེ་བའི་ལེའུ་བརྩམས་ཡོད།
འབྲེལ་ཡོད་གསར་འགྱུར།