ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་གནས་བཞི་ཤང་གིས་བྱ་ཐབས་གསར་གཏོད་དང་ཕྱོགས་མང་ཤུགས་འདོན་གྱིས་ཁ་བསླུས་ངོ་རྒོལ་གྱི་དྲིལ་བསྒྲགས་ཁྱོན་ཡོངས་ལ་ཁྱབ་པར་བྱས་པ།
བསླུ་འགོག་དྲིལ་བསྒྲགས་ཤུགས་ཆེན་བྱས། དམངས་ཀྱི་དངུལ་ཁུག་ལེགས་པར་བསྲུངས།
ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་གནས་བཞི་ཤང་དུ་ལོ་67ལ་སླེབས་པའི་འབྲོག་པ་བཀྲ་ཤིས་དོན་གྲུབ་ཁྱིམ་གྱི་ལྷས་རར་ཞོགས་པའི་ཉི་འོད་འཕྲོས་ཤིང་། ཁོང་གིས་འབྲི་གཡག་ལ་གཟན་རྩྭ་སྟེར་རྗེས། ནང་དུ་ལོག་ནས་དཀྱིལ་ཀྲུང་དུ་བསྡད་དེ་རྣམ་ཀུན་ལྟར་བརྙན་འཕྲིན་ཁ་མི་ཕྱེ་བར་རྒན་འཁོགས་མིག་ཤེལ་བརྒྱབ་ནས་བུ་ཡིས་སྤྲད་པའི་རིག་ནུས་ལག་ཐོགས་ཁ་པར་ལག་ཏུ་བཟུང་སྟེ། ཁ་པར་གྱི་བརྙན་ཤེལ་ཐོག་མཛུབ་མོ་དལ་གྱིས་ཕར་བྲད་ཚུར་བྲད་བྱས་མཐར“རྒྱལ་ཁབ་ཀྱི་ཁ་བསླུས་ངོ་རྒོལ་ལྟེ་གནས”ཀྱི་APPཁ་ཕྱེ་སྟེ“ཉེན་ཁ་ཡོད་མེད་ཞིབ་བཤེར”གྱི་དྲ་ངོས་སུ་ཡུན་རིང་བལྟས་ནས་བསྡད།
འབྲོག་པ་རྒན་གྲས་དེའི་གོམས་གཤིས་གསར་པ་དེ་ནི་རང་ལྗོངས་ཀྱི་ཞིང་འབྲོག་ཁུལ་དུ་ཁ་བསླུས་ངོ་རྒོལ་གྱི་དྲིལ་བསྒྲགས་ཤུགས་ཆེན་བྱས་པ་ལས་འཇགས་པ་ཞིག་ཡིན་ཞིང་། དེ་ཡང་སྒུལ་བདེའི་དྲ་རྒྱ་ས་མཐོར་ཡོངས་སུ་ཁྱབ་པ་དང་བསྟུན་ནས་རིག་ནུས་ལག་ཐོགས་ཁ་པར་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་གདལ་བྱུང་ཡོད། དེས་ན་དེ་སྔོན་རི་ཚོགས་ཀྱིས་བར་བཅད་པའི་ཐག་རིང་འབྲོག་ཁུལ་ནི་ད་ཆ་གློག་འཕྲིན་དྲ་རྒྱའི་ཁ་བསླུས་རྒྱག་མཁན་གྱི་ཧམ་སེམས་འཆང་ཡུལ་དུ་གྱུར་ཡོད། ཡིན་ནའང་བཀྲ་ཤིས་དོན་གྲུབ་ལྟ་བུའི་འབྲོག་པས་བྱེད་ཐབས་གསར་པར་བརྟེན་ནས་རང་ཉིད་ཀྱིས་གསག་གསག་སྒྲུག་སྒྲུག་བྱས་པའི་དངུལ་སྲུང་བཞིན་ཡོད།
“གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་སྐོར་གླེང་སྐབས་འབྲོག་པ་མང་པོ་ཞིག་གིས་དང་ཐོག་རང་ཉིད་དང་འབྲེལ་བ་དེ་ཙམ་མེད་པའི་ངོས་འཛིན་གྱི་འདུག”ཅེས་གནས་བཞི་ཤང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཚེ་རིང་ནོར་བུས་བཤད་ཅིང་། ཁོང་གིས་གཞུང་ལས་ཁང་གི་ས་བཀྲའི་ངོས་སུ་སྲིད་འཛིན་གྲོང་ཚོ་དང་མཚེར་ས་གང་དུ་ཡོད་མེད་སོགས་ལ་རྟགས་མང་པོ་བརྒྱབ་འདུག ལས་ཀར་ཞུགས་ནས་ལོ་མང་སོང་བའི་ཁོང་གིས་འབྲོག་ཁུལ་དུ་འཕོ་འགྱུར་ཅི་འདྲ་བྱུང་ཡོད་མེད་མཐོང་ཡོད་ལ། ཁ་བསླུས་རྒྱག་པའི་ཉེན་ཁ་ཇེ་ཆེར་འགྲོ་བའང་དངོས་སུ་བརྒྱུད་མྱོང་ཡོད། “དེ་སྔོན་འབྲོག་པའི་ཡོང་འབབ་ནི་ནོར་ལུག་ལ་བརྟེན་དགོས་པ་དང་། འབྲོག་པ་ཕལ་ཆེ་བས་དངུལ་སྨར་མ་གཏོགས་སྤྱོད་ཀྱི་མེད། ཡིན་ནའང་ད་ཆ་མི་ཚང་མར་ལག་ཐོགས་ཁ་པར་ཡོད་པ་མ་ཟད། ཁོང་ཚོའི་སྐད་འཕྲིན་དང་གཏོང་སྤྲོད་འབོའི་ནང་དངུལ་བཞག་ཡོད། ཁ་བསླུས་རྒྱག་མཁན་གྱིས་ཁྱེད་རང་འདུ་འཛི་ཆེ་བའི་གྲོང་ཁྱེར་དུ་བསྡད་ཡོད་མེད་དང་ས་བབ་མཐོ་ཚད་སྨི་4000ལྷག་ཙམ་ཡོད་པའི་ས་མཐོའི་འབྲོག་ཁུལ་དུ་བསྡད་ཡོད་མེད་ལ་ལྟ་གི་མ་རེད། དེར་བརྟེན་ང་ཚོས་དོགས་ཟོན་ཆེན་པོ་བྱེད་དགོས”ཞེས་བཤད།
“ཞིང་འབྲོག་པས་དངུལ་གསོག་པར་ལས་སླ་པོ་མེད། ཉི་སྲེག་ཆར་སྦང་དང་སྔ་ལངས་ཕྱི་ཉལ་བྱེད་དགོས། གལ་ཏེ་ཁ་བསླུས་ཐེབས་ཚེ། འདེད་ལེན་ཡང་བྱེད་ཧ་ཅང་ཁག་པོ་ཡོད”ཅེས་ཚེ་རིང་ནོར་བུས་སྒམ་ནན་ཆེན་པོས་བཤད།
ས་མཐོའི་འབྲོག་ཁུལ་དུ་སྒུལ་བདེའི་དངུལ་སྤྲོད་སྟངས་ཁྱབ་གདལ་ཕྱིན་པ་དང་བསྟུན་ནས། ཁ་བསླུས་མི་ཤོར་བ་བྱེད་པའི་ཤེས་བྱ་མང་པོ་བོད་སྐད་དུ་བསྒྱུར་ནས། ཁ་པར་དང་། འཕྲིན་ཐུང་། སྐད་འཕྲིན་བཅས་ལ་བརྟེན་ནས་ལྷོད་གཡེང་དུ་ཤོར་སྲིད་པའི་ཁུག་ཁུག་སེང་སེང་ཚང་མར་སྟོན་བཞིན་ཡོད་ཅིང་། དེ་ཡང་འབྲོག་པའི་དོགས་ཟོན་གྱི་འདུ་ཤེས་ཞན་པ་དང་རིག་ནུས་ལག་ཐོགས་ཁ་པར་དེ་ཙམ་བྱང་ཆུབ་པོས་སྤྱོད་མི་ཤེས་པའི་ཁྱད་ཆོས་ལ་དམིགས་ནས། གནས་བཞི་ཤང་མངགས་གཏོང་ཁང་གིས་ཁ་བསླུས་ངོ་རྒོལ་གྱི་དྲིལ་བསྒྲགས་ཆེད་དོན་བྱ་སྤྱོད་སྤེལ་ཞིང་། ཉེན་རྟོག་པ་ཚོས་སྐབས་རེ་གྲོང་ཚོ་ཨུ་ལྷན་གྱི་སྒོ་རའི་ནང་དང་སྐབས་རེ་འབྲོག་པའི་སྦྲ་གུར་གྱི་འགྲམ་དུ་མང་ཚོགས་ཀྱིས་གོ་བདེ་ཞིང་ཤེས་སླ་བའི་བྱེད་ཐབས་སྤྱད་དེ་ཉེ་འགྲམ་གྱི་གྱོད་དཔེ་དྲངས་ནས་དྲན་སྐུལ་དང་སྤྱོད་གོ་ཆོད་པའི་བྱེད་ཐབས་སློབ་ཀྱི་ཡོད།
དམར་ཁྲིད་ཀྱི་བྱེད་སྟངས་ལ་འབྲོག་པའི་དགའ་བསུ་ཆེ་ཤོས་ཐོབ་ཀྱི་ཡོད་ཅིང་། བཀྲ་ཤིས་དོན་གྲུབ་ལྟ་བུའི་བགྲེས་སོང་མང་ཆེ་བས་རིག་ནུས་ལག་ཐོགས་ཁ་པར་སྤྱོད་ཤེས་ཀྱི་མེད་པས། མི་དམངས་ཉེན་རྟོག་པས“རྒྱལ་ཁབ་ཀྱི་ཁ་བསླུས་ངོ་རྒོལ་ལྟེ་གནས”ཀྱི་APPཕབ་སྟངས་ནས་ཐོ་འགོད་སྟངས་དང“ཁ་པར་འབྱོར་སྐབས་ཉེན་བརྡ་གཏོང་བའི”བར་དང་དེ་ནས“ཉེན་ཁ་ཡོད་མེད་ཞིབ་བཤེར”དང“ཐེར་འདོན་བྱེད་པ”བཅས་བརྒྱུད་རིམ་ཚང་མ་ངང་རྒྱུད་རིང་པོས་འགྲེལ་བཤད་རྒྱག་གི་ཡོད། “མཐེབ་གནོན་དེ་མནན་ཚེ་ཆ་རྒྱུས་མེད་པའི་ཁ་བསླུས་ཁ་པར་འབྱོར་སྐབས་དྲན་སྐུལ་བྱེད་པ་དང་། དོགས་པ་ཡོད་པའི་དྲ་ཚིགས་འཕྲད་ཚེ་སྔོན་ལ་འདི་ནས་ཞིབ་བཤེར་བྱེད་པ་ལས་ཁ་ཕྱེ་མི་རུང”ཞེས་བགྲེས་སོང་གི་གམ་དུ་མི་དམངས་ཉེན་རྟོག་པ་བློ་བཟང་གིས་ཙོག་པུར་བསྡད་དེ་བཀྲ་ཤིས་དོན་གྲུབ་ཀྱིས་བྱང་ཆུབ་པོས་སྤྱོད་མི་ཤེས་བར་ཡང་ཡང་བསླབས་པ་རེད།
ས་མཐོ་འདིར་འགྱུར་ལྡོག་ཕྲན་བུ་དེ་འདྲ་རིམ་གྱིས་འབྱུང་བཞིན་ཡོད་ཅིང་། ད་ཆ་བཀྲ་ཤིས་དོན་གྲུབ་ལ་ཆ་རྒྱུས་མེད་པའི་ཁ་པར་འབྱོར་སྐབས་སྔོན་ལ་ལག་ཐོགས་ཁ་པར་བཞག་ནས་ཉེ་འགྲམ་གྱི་གཞོན་ནུ་ཚོར་སྐད་ཆ་འདྲི་བའམ་ཡང་ན“རྒྱལ་ཁབ་ཀྱི་ཁ་བསླུས་ངོ་རྒོལ་ལྟེ་གནས”ཀྱི་APPཁ་ཕྱེ་ནས་ཉེན་ཁ་ཡོད་མེད་ལ་ཞིབ་བཤེར་བྱེད་ཀྱི་ཡོད།
གནས་བཞི་ཤང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པའི་ངོས་ནས་བརྗོད་ན་དྲིལ་བསྒྲགས་བྱེད་པ་ནི་གོམ་པ་དང་པོ་ཙམ་རེད། “ཁ་བསླུས་ངོ་རྒོལ་བྱ་རྒྱུ་དེ་དུས་ཐུང་གི་ལས་དོན་ཙམ་མིན་པར་བདེ་འཇགས་སྐོར་གཡེང་ལྟར་རྒྱུན་གཏན་གྱི་ལས་དོན་ནང་འཇུག་དགོས”ཞེས་ཚེ་རིང་རྒྱ་མཚོས་བཤད་པ་དང་། ཁོང་གིས། སླད་ཕྱིན་མུ་མཐུད་གྲོང་གསེབ་ཀྱི་རླུང་འཕྲིན་དང་སྐད་འཕྲིན་ཚོགས་པར་བརྟེན་ནས། ཁ་བསླུས་ངོ་རྒོལ་གྱི་ཤེས་བྱ་དག་འབྲོག་པ་ཚོས་ལྟ་འདོད་ལ་ཉན་སྤྲོ་བའི་ཁ་དཔེ་དང་གཏམ་རྒྱུད་ཐུང་ངུར་བསྒྱུར་ཏེ་དེ་བས་སྟབས་བསྟུན་གྱི་བྱ་ཐབས་བརྒྱུད་འབྲོག་པ་ཚོའི་ཁ་བསླུས་ངོ་རྒོལ་གྱི་འདུ་ཤེས་རྒྱུན་མཐུད་ཟབ་ཏུ་བཏང་ནས་ཚང་མས་རང་ཉིད་ཀྱི་དངུལ་ཁུག་ཡག་པོ་སྲུང་ཐུབ་པ་བྱེད་ཀྱི་ཡིན་ཞེས་བཤད།
འབྲེལ་ཡོད་གསར་འགྱུར།