ཞི་ཅིན་ཕིང་གིས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་བ།
ལི་ཆང་རྒྱལ་ཡོངས་ཞབས་ཞུའི་ལས་རིགས་ཚོགས་ཆེན་ལ་ཞུགས་ནས་གསུང་བཤད་གནང་བ། ཏིང་ཤུའེ་ཞང་གིས་ཕྱོགས་སྡོམ་གསུང་བཤད་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་ཞིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱི་ཞབས་ཞུའི་ལས་རིགས་ཀྱི་གཞི་ཁྱོན་རྒྱ་ཆེར་བརྟན་པོ་ཕྱིན་པ་དང་སྤུས་ནུས་རྒྱུན་མཐུད་ཆེ་རུ་ཕྱིན་ནས་ཐོན་ལས་རིམ་སྤོར་ལ་འདེགས་སྐྱོར་དང་། དམངས་འཚོའི་དགོས་མཁོ་སྐོང་བ། ལས་ཞུགས་རྒྱ་ཁྱོན་ཆེ་རུ་གཏོང་བར་སྐུལ་ཁྲིད་སོགས་ཀྱི་ཐད་ནུས་པ་གལ་ཆེན་ཐོན་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རྒྱང་ལམ་གསར་པར་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་དང་། དགོས་མཁོའི་སྣེ་ཁྲིད་དང་། སྒྱུར་བཅོས་འགག་སྒྲོལ། ཚན་རྩལ་གྱི་མཐུན་རྐྱེན། སྒོ་དབྱེ་མཉམ་ལས་བཅས་མངོན་གསལ་དོད་པོ་ཡོང་བ། ཞབས་ཞུའི་ལས་རིགས་ཀྱི་སྤུས་ནུས་ཆེར་གཏོང་བྱ་སྤྱོད་ལག་བསྟར་གཏིང་ཟབ། ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་དེ་ཉིད་ཆེད་ལས་ཅན་དང་རིན་ཐང་འཁོར་འབྲེལ་གྱི་རྩེར་སོན་ཕྱོགས་སུ་སྣུར་སྲིང་བྱེད་པར་སྐུལ་འདེད་གཏོང་བ། འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་སྤུས་ཚད་མཐོ་བའི་སྣ་མང་རང་བཞིན་དང་སྟབས་བདེའི་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། “ཀྲུང་གོའི་ཞབས་ཞུའི”སྤུས་རྟགས་དེ་བས་མང་བ་སྐྱེད་སྲིང་བཅས་བྱས་ནས་ཞབས་ཞུའི་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས།
ཟླ་4ཚེས་7དང་8ཉིན། རྒྱལ་ཡོངས་ཀྱི་ཞབས་ཞུའི་ལས་རིགས་ཚོགས་ཆེན་པེ་ཅིང་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཤུའེ་ཞང་གིས་ཕྱོགས་སྡོམ་གསུང་བཤད་གནང་བ་རེད།
ལི་ཆང་གིས་གསུང་བཤད་གནང་སྐབས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ནང་ཞབས་ཞུའི་ལས་རིཌ་འཕེལ་རྒྱས་ཀྱི་དོན་སྙིང་གལ་ཆེན་དང་། རྩ་དོན་གལ་ཆེན། གཙོ་གནད་ལས་འགན་བཅས་ལ་གསལ་བཤད་གཏིང་ཟབ་གནང་བར་བསམ་བློའི་རང་བཞིན་དང་། མཛུབ་ཁྲིད་རང་བཞིན། དམིགས་སའི་རང་བཞིན་བཅས་ཆེན་པོ་ལྡན་པས་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་པར་ཁ་ཕྱོགས་སྔར་བས་གསལ་སྟོན་གནང་ཡོད། ང་ཚོས་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། འཐབ་ཇུས་དང་སྤྱི་ཡོངས་ཀྱི་མཐོ་ཚད་ནས་ཞབས་ཞུའི་ལས་རིགས་ལ་རང་རྟོགས་ངང་ངོས་འཛིན་གཏིང་ཟབ་བྱེད་པ་དང་། སྤུས་ནུས་ཆེར་གཏོང་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་དང་ལྟ་འདོམས་ལ་སྤྱི་འདོམས་བྱེད་པ། ཞབས་ཞུའི་ལས་རིགས་སྤུས་ལེགས་ནུས་ཆེའི་འཕེལ་རྒྱས་ལ་སྐུལ་འདེད་དེ་བས་ཡག་པོ་གཏོང་བ་བཅས་བྱས་ནས་གསོན་ཤུགས་ཀྱིས་ཁེངས་ལ་སྐྱོན་བྲལ་གོ་རིམ་ལྡན་པར་འགན་ལེན་བྱེད་དགོས།
ལི་ཆང་གིས་གསུངས་དོན། མི་འབོར་གྲུབ་ཆ་འགྱུར་ལྡོག་དང་། འཛད་སྤྱོད་གྲུབ་ཆ་རིམ་སྤོར། ཐོན་ལས་གྲུབ་ཆ་ཕྱོགས་སྒྱུར་བཅས་ཀྱི་འཕེལ་ཕྱོགས་དང་བསྟུན་ནས་ཐོན་སྐྱེད་དང་འཚོ་བའི་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ། ཞབས་ཞུའི་ལས་རིགས་འཕེལ་རྒྱས་ལ་རིམ་དབྱེ་རིགས་དབྱེའི་ངང་སྐུལ་འདེད་གཏོང་བ་དང་ཞབས་ཞུའི་ལས་རིགས་ཀྱི་འཕར་གཞི་གསར་པ་ཟམ་མི་ཆད་པར་སྐྱེད་སྲིང་བྱས་ནས་ཞབས་ཞུའི་ལས་རིགས་ཀྱི་གྲངས་རིག་ཅན་དང་། ཚད་ལྡན་ཅན། མཉམ་འདྲེས་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་འཕེལ་རྒྱས་ཆུ་ཚད་མཐོ་རུ་གཏོང་དགོས། གྲོང་མིའི་རྒྱུན་གཏན་འཚོ་བའི་དགོས་མཁོར་དམིགས་ནས་གཞི་རྩའི་དགོས་མཁོའི་རིགས་ཀྱི་ཞབས་ཞུ་དེ་བས་ཀུན་ཕན་སྤུས་ལེགས་ཡོང་བར་སྐུལ་འདེད་གཏོང་དགོས། གྲོང་མིས་སྤུས་ཚད་མཐོ་བའི་འཚོ་བ་དོན་གཉེར་བྱེད་པར་དམིགས་ནས་རིམ་སྤོར་རིགས་ཀྱི་ཞབས་ཞུའི་མཁོ་སྤྲོད་བྱེད་རྒྱ་ཆེ་རུ་གཏོང་དགོས། གྲོང་མིའི་སྣ་མང་ཅན་གྱི་འཛད་སྤྱོད་དགོས་མཁོར་དམིགས་ནས་རང་གཤིས་ཅན་གྱི་ཞབས་ཞུ་ཞིབ་ཚགས་ངང་ལེགས་པར་སྒྲུབ་དགོས། ཞིབ་འཇུག་གསར་སྤེལ་ཇུས་འགོད་ཆེད་ལས་ཅན་དང་རྩེར་སོན་ཅན་ལ་དམིགས་ནས་ཚན་རྩལ་གྱི་ཞབས་འདེགས་ཞུ་ཁྱོན་གང་མགྱོགས་ཆེ་རུ་གཏོང་དགོས། ཐོན་སྐྱེད་ལྷུ་ཚིགས་ཀྱི་རིན་ཐང་ཆེ་རུ་གཏོང་བར་དམིགས་ནས་སྔོན་ཐོན་གྱི་བཟོ་སྐྲུན་ཞབས་ཞུ་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། ཁྲོམ་རའི་རིན་ཐང་མངོན་འགྱུར་ལ་དམིགས་ནས་ལེ་ལག་ཚང་བའི་ཆེད་ལས་ཞབས་ཞུའི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་དགོས།
ལི་ཆང་གིས་ནན་བཤད་གནང་དོན། སྒྱུར་བཅོས་གསར་གཏོད་ཀྱི་བསམ་ཕྱོགས་དང་བྱ་ཐབས་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་གཏོང་བ་དང་། ཐོན་ལས་ཀྱི་འཕེལ་ཕྱོགས་ལ་སྟངས་འཛིན་ཡག་པོ་བྱེད་པ། “འཁྲུག་ཏུ་གཏོང་བ”དང“དོ་དམ་ཡག་པོ་ཐུབ་པ”མཐའ་འཁྱོངས་བྱེད་པ། སྒོ་མོ་འབྱེད་རྒྱ་ཆེ་རུ་ཧུར་ཐག་གཏོང་བ། སྲིད་ཇུས་རྒྱབ་སྐྱོར་གྱི་དམིགས་སའི་རང་བཞིན་དང་ནུས་ལྡན་རང་བཞིན་སྔར་བས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཞབས་ཞུའི་ལས་རིགས་འཕེལ་རྒྱས་ལ་ཁོར་ཡུག་ཡག་པོ་སྐྲུན་དགོས། སྡེ་ཚན་ཁག་དང་ས་གནས་ཁག་གིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱས་ནས་མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་གསར་གཏོད་འཚོལ་ཞིབ་ཧུར་ཐག་བྱས་ཏེ་ཞབས་ཞུའི་ལས་རིགས་སྤུས་ལེགས་ནུས་ཆེའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་མཉམ་དུ་རྩོམ་དགོས།
ཏིང་ཤུའེ་ཞང་གིས་ཕྱོགས་སྡོམ་གསུང་བཤད་གནང་སྐབས་གསུངས་དོན། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་སྔར་བས་གཅིག་གྱུར་ཡོང་བར་བྱས་ཏེ། སྤུས་ནུས་ཆེར་གཏོང་ལ་དམ་པོར་དམིགས་ནས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཀྱི་གཙོ་གནད་ལས་འགན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། གསར་གཏོད་སྐུལ་སྤེལ་ལ་མཐོང་ཆེན་གྱིས་ཚན་རྩལ་ཞབས་ཞུ་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། གྲངས་རིག་ཞབས་ཞུར་ཤུགས་སྣོན་བརྒྱབ་ནས་བཟོ་སྐྲུན་ལས་རིགས་དང་ཞབས་ཞུའི་ལས་རིགས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། མ་གནས་གཅོག་པ་དང་ཕན་འབྲས་ཆེ་རུ་གཏོང་བར་མཐོང་ཆེན་གྱིས་དེང་རབས་ཟོག་འགྲུལ་དང་། དངུལ་རྩའི་ཞབས་ཞུ། ཚོང་དོན་ཞབས་ཞུ་བཅས་རྒྱ་སྟོབས་ཆེ་རུ་དང་ལེགས་སུ་བཏང་ནས། དཔལ་འབྱོར་འཁོར་རྒྱུག་གི་ལྷུ་ཚིགས་ཁག་འབྲེལ་མཐུད་ཐུབ་པར་སྐུལ་འདེད་གཏོང་དགོས། དམངས་འཚོའི་དགོས་མཁོར་མཐོང་ཆེན་གྱིས་རྒྱུན་གཏན་འཚོ་བའི་ཞབས་ཞུ་དེ་བས་སྟབས་བདེ་དང་། སྤྱི་པའི་ཞབས་ཞུ་ནུས་ཆེ་འཚམ་སྒྲིག རིག་གནས་དང་། ཡུལ་སྐོར། ལུས་རྩལ་སོགས་ཀྱི་ཞབས་ཞུ་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། རང་གཤིས་ཅན་དང་། སྣ་མང་ཅན། སྤུས་ཚད་མཐོ་བ་བཅས་ཀྱི་དགོས་མཁོ་དེ་བས་ལེགས་པར་སྐོང་དགོས། གསོན་ཤུགས་འཕེལ་བར་མཐོང་ཆེན་གྱིས་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་སྐྲུན་པར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཞབས་ཞུའི་ལས་རིགས་ཚད་ལྡན་ཅན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཞབས་ཞུའི་ལས་རིགས་ཀྱི་ལམ་ལུགས་རྣམ་པའི་སྒོ་དབྱེ་རྒྱ་ཆེར་གཏོང་བ་བཅས་བྱེད་དགོས། ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས།
འབྲེལ་ཡོད་གསར་འགྱུར།