དབུ་ཤོག
  • གཙུག་ལག་ཁང་གི་རྐང་ཐང་ལམ་དང་འབྲེལ་བའི་གནད་དོན་འདི་ཐག་གཅོད་ཐུབ་བཞག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2026-04-09

    ཉེ་ཆར། ལྷ་སའི་དྲ་གྲོགས་ཤིག་གིས་མི་དམངས་དྲ་བའི“འགོ་ཁྲིད་ཀྱི་ལན་འཇོག་དྲ་ངོས”ལ་གཙུག་ལག་ཁང་གི་རྐང་ཐང་ཁྲོམ་གཞུང་གི་ཤར་སྒོ་དང་དེའི་ཉེ་འཁོར་གྱི་ལམ་མདོར་གློག་སྒུལ་སྦག་སྦག་གང་བྱུང་དུ་བཞག་ནས་གྲོང་མིའི་འགྲོ་སྐྱོད་ལ་འགོག་རྐྱེན་བཟོ་བ་མ་ཟད། གྲོང་ཁྱེར་གྱི་རྣམ་པ་ལའང་སྐྱོན་རྒྱག་བཞིན་འདུག་པས། འབྲེལ་ཡོད་སྡེ་ཚན་གྱིས་བཅོས་སྒྲིག་བྱས་ཏེ་མང་ཚོགས་ལ་གཙང་ཞིང་གྲལ་འགྲིག་པའི་རྐང་ཐང་ལམ་ཞིག་གཏོད་རོགས་ཞེས་བཤད།  

    ཡི་གེ་དེ་མཐོང་རྗེས། ལྷ་ས་གྲོང་ཨུད་གཞུང་ལས་ཁང་ཆ་འཕྲིན་ལྟེ་གནས་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ནས། བར་སྐོར་ཁྲོམ་གཞུང་གནའ་གྲོང་དོ་དམ་ཨུ་ལྷན་ལ་བརྟག་དཔྱད་ནན་ཏན་དང་འབྲེལ་ཡོད་གནད་དོན་ཞིབ་དཔྱད་བྱེད་དགོས་པ་མ་ཟད། ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་དགོས་པའི་བླང་བྱ་བཏོན། 

    ཡུལ་དངོས་སུ་ཞིབ་དཔྱད་བྱས་པ་བརྒྱུད། དྲ་གྲོགས་དེས་བཏོན་པའི་གནད་དོན་བདེན་པ་བདེན་ཐུབ་ཡིན་ཞིང་། གཙུག་ལག་ཁང་གི་རྐང་ཐང་ལམ་གྱི་ཤར་སྒོ་དང་དེའི་ཉེ་འཁོར་གྱི་ལམ་མདོ་གྲོང་ཁུལ་རྙིང་པའི་ལྟེ་བར་གནས་ཡོད་ལ། རྒྱུན་དུ་ནས་གྲོང་མི་དང་ཡུལ་སྐོར་བ་མང་པོ་ས་ཆ་དེ་ནས་འགྲོ་འོང་བྱེད་པ་དང་ལྷག་པར་དུ་ཡུལ་སྐོར་བ་མང་བའི་དུས་སུ་དེ་བས་འཚང་ཁ་ཆེན་པོ་ཡོད། དེའི་ཁར་ཉེ་ཆར་གྲོང་ཁུལ་རྙིང་པའི་ས་ཁོངས་ཁག་གཅིག་ཏུ་ཨར་སྐྲུན་བྱེད་བཞིན་ཡོད་པས། ཉེ་འཁོར་དུ་གནས་སྐབས་རླངས་འཁོར་འཇོག་ས་དཀོན་པས་གྲོང་མི་དང་ཡུལ་སྐོར་བའི་ཕྱིར་སྐྱོད་ལ་སྟབས་མི་བདེ་བ་བཟོས་པ་མ་ཟད། འགྲིམ་འགྲུལ་གྱི་མངོན་མེད་རྐྱེན་ངན་ངེས་ཅན་ལྡན་ཡོད།

    གོང་གསལ་གྱི་གནད་དོན་ལ་དམིགས་ཏེ་བར་སྐོར་གནའ་གྲོང་གྲོང་ཁྱེར་དོ་དམ་ཅུས་དང་། བར་སྐོར་ཁྲོམ་གཞུང་དོན་གཅོད་ཁྲུའུ། དེ་བཞིན་ཁོངས་གཏོགས་སྡེ་ཁུལ་བཅས་ཀྱིས་ཆེད་དོན་བཅོས་སྒྲིག་ཇུས་གཞི་མགྱོགས་པོ་བཟོས་ནས་ལས་དོན་སྤེལ་ཞིང་། གཅིག་ནས་རླངས་འཁོར་འཇོག་པའི་སྒྲིག་ལམ་ཚད་ལྡན་དུ་བཏང་ཡོད་དེ། ལོང་བའི་ལམ་བཀག་པའམ། རྐང་ཐང་ལམ་བཀག་པ་དང་། འགྲོ་སྐྱོད་བདེ་འཇགས་ལ་ཤུགས་རྐྱེན་བཟོ་བའི་གློག་སྒུལ་སྦག་སྦག་དག་ཉེ་འཁོར་གྱི་དམིགས་འཛུགས་གློག་སྒུལ་སྦག་སྦག་འཇོག་སར་བསྐྱལ་བ་མ་ཟད། ད་དུང་གློག་སྒུལ་སྦག་སྦག་གང་བྱུང་དུ་འཇོག་མཁན་ལ་ཁ་ཏ་སློབ་གསོ་རྒྱག་གི་ཡོད། གཉིས་ནས་ཕུགས་ཕན་ལམ་སྲོལ་བཙུགས་ཡོད་དེ། ས་ཁོངས་དེ་སྐོར་ཞིབ་བྱ་ཡུལ་གཙོ་བོར་བཞག་པ་དང་། ལས་རེས་བཀོད་སྒྲིག་དང་སྟབས་བསྟུན་སྐོར་ཞིབ་ཟུང་དུ་འབྲེལ་ནས། ཉིན་རེའི་མི་མང་བའི་དུས་སུ་ལས་མི་བཏང་སྟེ་སྒྲིག་འགལ་ངང་གློག་སྒུལ་སྦག་སྦག་འཇོག་མཁན་ལ་ཁ་ཏ་བསླབ་བྱ་བྱས་པ་དང་། རྒྱུན་རྣམ་ཅན་གྱི་སྐོར་ཞིབ་ལམ་སྲོལ་བཙུགས་ནས་རང་དགར་ཁུག་ཀྱོག་ཏུ་གློག་སྒུལ་སྦག་སྦག་འཇོག་པར་གྲལ་བཤེར་གཙོ་བོ་བྱས་པ་དང་། གནད་དོན་ཤེས་རྟོགས་བྱུང་རིམ་བཞིན་བཅོས་སྒྲིག་བྱས་ནས་མི་ཐོན་སྔོན་འགོག་མཐའ་གཅིག་ཏུ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།