རང་རྒྱལ་ནས་ཚོང་ཟོག་ཤུར་རྟགས་སྤྱད་པའི་ཐོན་རྫས་ཀྱི་བསྡོམས་འབོར་རིགས་དུང་ཕྱུར་2.4ལྷག་ཙམ་ཟིན་པ།
ཚོང་ཟོག་ཤུར་རྟགས་ཀྱི་གཏན་འབེབས་གསར་པར་ནུས་པ་ཅི་ཞིག་ཡོད་དམ།
ཚོང་ཟོག་ཤུར་རྟགས་ནི་ཚོང་ཟོག་གི“ཐོབ་ཐང་ལག་ཁྱེར”ཡིན་ལ། ཚོང་ཟོག་འཁོར་རྒྱུག་བྱེད་པའི“ལམ་ཡིག”དང་ཐོན་རྫས་ཀྱི་སྤུས་ཚད་ཁུངས་འདེད་དང་གྲངས་འཛིན་ཅན་ལྟ་འདོམས་ཀྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཀྱང་ཡིན། ཉེ་ཆར། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་གསར་དུ་བཟོ་བཅོས་བརྒྱབ་པའི《ཚོང་ཟོག་ཤུར་རྟགས་ཀྱི་དོ་དམ་བྱ་ཐབས》ཁྱབ་བསྒྲགས་བྱས་པ་དང་དེ་ཟླ་5ཚེས་1ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན་པ་རེད།
ལོ་40ཡི་འཕེལ་རྒྱས་བརྒྱུད། རང་རྒྱལ་གྱི་ཚོང་ཟོག་ཤུར་རྟགས་མ་ལག་གི་ཁོངས་མིའི་གྲངས་འབོར་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ཡོད། མིག་སྔར། རང་རྒྱལ་དུ་ཚོང་ཟོག་ཤུར་རྟགས་རེ་ཞུ་བྱེད་མཁན་ཁེ་ལས་ཀྱི་གྲངས་འབོར་ཁྲི་65ལྷག་ཙམ་ཟིན་ཞིང་། ཚོང་ཟོག་ཤུར་རྟགས་སྤྱད་པའི་ཐོན་རྫས་ཀྱི་བསྡོམས་འབོར་རིགས་དུང་ཕྱུར་2.4ལྷག་ཙམ་ཟིན་ནས། བཟོ་ལས་ཐོན་རྫས་དང་། བཟའ་བཅའ། སྨན་བཅོས་བདེ་སྲུང་སོགས་གཙོ་གནད་ལས་རིགས་སུ་ཁྱབ་ཡོད།
ཁེ་ལས་ཀྱི་ཁུར་པོ་ཡང་དུ་ཤུགས་ཆེན་བཏང་སྟེ་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ། ད་ཐེངས་བཟོ་བཅོས་བརྒྱབ་པའི་ནང་དོན་གྱིས་ཁེ་ལས་ཀྱི་ལས་སྒྲུབ་སྐབས་ཀྱི་འགག་གནད་དང་དཀའ་གནད་ལ་དམིགས་ཏེ། ལས་སྒྲུབ་བརྒྱུད་རིམ་སྔར་བས་སྟབས་བདེ་རུ་དང་ཞིབ་མཆན་འགོད་པའི་ལྷུ་ཚིགས་ཉུང་དུ་བཏང་བ་དང་། ཚོང་ཟོག་ཤུར་རྟགས་པར་འདེབས་ཁེ་ལས་ཀྱི་འོས་ཐོབ་མེད་པར་བཟོ་བ་དང་ཚོང་ཟོག་ཤུར་རྟགས་ར་སྤྲོད་ཡིག་ཆར་ལྟ་བཤེར་བྱེད་པའི་ཚོང་པའི་འོས་འགན་མེད་པར་བཟོ་རྒྱུ་ཁ་གསལ་བཏོན་པ། ཚོང་ཟོག་ཤུར་རྟགས་ཀྱི་འབྲེལ་ཡོད་རིན་བསྡུའི་ཚད་གཞི་ཚད་ལྡན་བཟོས་ནས། ཁེ་ལས་ཀྱི་ཁུར་པོ་ཡང་དུ་ཏན་ཏིག་བཏང་ཡོད།
སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་ཏེ་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ། ཚོང་ཟོག་ཤུར་རྟགས་དེ་ཚོང་ཟོག་གི“ཐོབ་ཐང་ལག་ཁྱེར”ཡིན་པའི་ནུས་པར་བརྟེན་ཏེ། ཚོང་ཟོག་ཐོན་སྐྱེད་འཁོར་རྒྱུག་དང་། སྲིད་འཛིན་ཆོག་ཁྲོལ། ཁས་ལེན་དཔང་འདོན། ཞིབ་དཔྱད་ཚད་ལེན་སོགས་རིགས་ཁག་གི་ཆ་འཕྲིན་བསྡུ་སྒྲིལ་གྱིས་ཚོང་ཟོག་གི་སྤུས་ཚད་བདེ་འཇགས་ཁུངས་འདེད་མ་ལག་འཐུས་སྒོ་ཚང་དུ་བཏང་ནས། ཚོང་ཟོག་གི་བྲིན་ཚོང་བརྒྱུད་རིམ་ཧྲིལ་པོར་བརྟག་བཤེར་དང་ཁུངས་འདེད་ཐུབ་པར་བྱེད་པ་དང་སྦྲགས། ཚོང་ཟོག་གི་ཆ་འཕྲིན་གྲངས་འཛིན་ཅན་གྱི་ཕྱོགས་སྡེབས་བྱེད་མགྱོགས་སུ་བཏང་སྟེ། ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན་པ་མ་ཟད། འཛད་སྤྱོད་པའི་གནས་ཚུལ་ཤེས་དབང་དང་གདམ་ག་བྱེད་དབང་ལ་དེ་བས་ལེགས་པའི་སྒོ་ནས་འགན་སྲུང་ཐུབ་པར་བྱས་ཡོད།
ཚད་གཞིའི་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་ལག་ལེན་བཀོལ་སྤྱོད་ཀྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ད་ཐེངས་བཟོ་བཅོས་བརྒྱབ་པའི་ནང་དོན་གྱིས་ཚོང་ཟོག་ཤུར་རྟགས་ཀྱི་རྒྱལ་ཁབ་ཚད་གཞིའི་ཁྱབ་ཚད་སྔར་བས་རྒྱ་ཆེ་རུ་བཏང་ཞིང་། 《སིལ་འཚོང་དང་འབོར་ཆེན་ཚོང་ཟོག་གི་འབྲེལ་ཡོད་ཨང་སྒྲིག་དང་ཤུར་རྟགས་ཀྱི་མཚོན་རྟགས》ཀྱི་བླང་བྱ་གསར་དུ་ཁ་གསབ་བྱས་ནས། ཚོང་ཟོག་ཤུར་རྟགས་ཀྱི་ཚད་གཞིའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་ཡོད། བྱ་ཐབས་དེས་སྔོན་ཆད་ཚད་གཞིའི་ཁྱབ་རྒྱ་ཆུང་བའི་ལག་ལེན་གྱི་ཆད་སྐྱོན་བསལ་ནས། ཚོང་ཟོག་ཤུར་རྟགས་དེ་ཉིད་རིགས་ཁག་གི་ཚོང་ཟོག་དང་ལྷུ་ཚིགས་ཁག་གི་བཀོལ་སྤྱོད་ཁྲོད་ཚད་ལྡན་ཅན་དང་བཀོད་སྤྱོད་ཆོག་པའི་རང་བཞིན་དེ་བས་ལྡན་པར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།