ལྷ་ས་གྲོང་ཁྱེར་གྱི“གྲོང་ཚོའི་ལུས་རྩལ་འགྲན་ཚོགས”སྐབས་དང་པོ་གཉེར་བ།
ཁང་ཁྱིམ་སྒོ་རྩར་འཁྲུག་ཆ་ལྷག་པར་དོད། ཞིང་འབྲོག་མང་ཚོགས་སྤྲོ་སྣང་རབ་ཏུ་འཕེལ།
དཔྱིད་ཀར་ལྷ་སའི་གནམ་སྔོ་ཞིང་གཡའ་དག་པ་དང་། བསིལ་རླུང་དལ་བུར་ལྡང་ཞིང་ཉི་འོད་དྲོ་འཇམ་ལྡན། ཉེ་ཆར་ལྷ་ས་གྲོང་ཁྱེར་མཐོ་གསར་ཁུལ་གྱི་གསང་མདའ་གྲོང་ཚོའི་བྱེད་སྒོ་ལྟེ་གནས་སུ་འཁྲུག་ཆ་ཧ་ཅང་དོད་པ་དང་། ཕྱིར་དར་ཚོན་སྣ་ཚོགས་རླུང་བུའི་འགྲོས་དང་བསྟུན་ནས་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད། སྣེའུ་ཁྲོམ་གཞུང་དང་། བདེ་ཡངས་གྲོང་ཚོ། གསང་མདའ་གྲོང་ཚོ། སྟག་གདོང་གྲོང་ཚོ་བཅས་ཀྱི་ལས་བྱེད་པ་དང་མང་ཚོགས་ཆིག་སྟོང་ལྷག་ཙམ་གྱིས་ལུས་ལ་གཟབ་མཆོར་སྤྲས་ནས་དེ་གར་མཉམ་འཛོམས་ཀྱིས་ལྷ་ས་གྲོང་ཁྱེར་གྱི“གྲོང་ཚོའི་ལུས་རྩལ་འགྲན་ཚོགས”སྐབས་དང་པོར་བསུ་བ་ཞུས་པ་རེད།
བྱེད་སྒོ་འགོ་མ་ཚུགས་གོང་། གྲོང་ཚོ་ཁག་གི་རིག་རྩལ་འཁྲབ་སྟོན་རུ་ཁག་དང་ལྷ་ས་གྲོང་ཁྱེར་ལུས་རྩལ་ཅུས་ཀྱི་ལས་བྱེད་པ་དང་ལས་བཟོ་ཚོས་ངོ་མཚར་ཆེ་བའི་རིག་རྩལ་ལེ་ཚན་ཏེ། སྙན་འཇེབས་ལྡན་པའི་དམངས་གཞས་དང་། བློ་གཤོགས་ཡངས་པའི་པི་ཝང་ཞབས་བྲོ། སྤྲོ་སེམས་འཁོལ་བའི་སྒོར་གཞས། སྤྲོ་སྣང་ལྡན་པའི་རྔ་བྲོ་བཅས་རེས་མོས་ངང་འཁྲབ་སྟོན་བྱས་པས་ས་གནས་ས་ཐོག་ལ་འཁྲུག་ཆ་དོད་པའི་མཐོ་རླབས་ཤིག་བསྟུད་མར་འཕྱུར་ཐུབ་པ་བྱུང་ཡོད། “ང་ཚོས་ལུས་རྩལ་འགྲན་ཚོགས་འདི་གཉེར་བའི་དམིགས་ཡུལ་ནི་སྲོལ་རྒྱུན་གྱི་ལུས་རྩལ་རྣམ་གྲངས་སྔར་བས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བ་དང་ཆབས་ཅིག་བྱེད་སྒོ་འདི་རིགས་སྤེལ་བ་བརྒྱུད་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་སྔར་བས་ཆེ་རུ་གཏོང་ཆེད་ཡིན”ཞེས་ལྷ་ས་གྲོང་ཁྱེར་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་མིག་དམར་ཚེ་རིང་གིས་གསར་འགོད་པར་ངོ་སྤྲོད་བྱས།
སྲོལ་རྒྱུན་གྱི་མི་རིགས་ལུས་རྩལ་རྣམ་གྲངས་ཁུལ་དུ་བདམས་ཐོན་པས་རྡོ་འགྱོགས་འགྲན་བསྡུར་བྱས་ཏེ་རང་ཉིད་ཀྱི་ཤེད་ཤུགས་འདོན་བཞིན་ཡོད་པ་དང་། དེར་མི་ཚོགས་ཆེ་བས་དགའ་འབོད་ཀྱི་སྒྲ་གཅིག་རྗེས་གཉིས་མཐུད་ངང་གྲགས་འོང་།
ཁྱིམ་ཚང་འགྲན་བསྡུར་ཁུལ་དུའང་འཁྲུག་ཆ་ཧ་ཅང་དོད་པོ་ཡོད། བོད་ཆས་གྱོན་པ་དང་། ཇ་སྲུ་བ། སྤགས་གཡོ་བ་སོགས་འཚོ་བའི་རྣམ་གྲངས་འགྲན་བསྡུར་བྱེད་པའི་ནང་ཁྱིམ་ཚང་ཞིག་གི་རྒན་གཞོན་ཚང་མ་བྱེད་སྒོའི་ནང་ཞུགས་ཤིང་། ཕྲུ་གུ་ཚོས་རྒན་པར་ལད་མོ་བྱས་ནས་སྤགས་གཡོས་ཏེ་མི་རབས་གསུམ་པོ་མཉམ་དུ་འགྲན་བསྡུར་ནང་ཞུགས་ཚུལ་ལ་སྐྱེ་བོ་མང་པོའི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོགས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི“གྲོང་ཚོའི་ལུས་རྩལ་འགྲན་ཚོགས”འདི་ཚོགས་པའི་འགྲན་བསྡུར་ཁག་6དང་། མི་སྒེར་གྱི་འགྲན་བསྡུར་ཁག་7 ཁྱིམ་ཚང་གི་འགྲན་བསྡུར་ཁག་3བཅས་ལ་ཕྱེ་ཡོད་པ་དང་། ཞིང་འབྲོག་པ་རང་ཉིད་ལ་དབང་བའི་བབ་ཆགས་ཤོས་དང་སྤྲོ་སྣང་ཆེ་ཤོས་ལྡན་པའི་ལུས་རྩལ་གྱི་འདུ་ཚོགས་གཟབ་རྒྱས་ངང་གཉེར་བ་ལས་བོད་ཀྱི་གྲོང་གསེབ་ཀྱི་རྣམ་པ་གསར་པ་ཞིག་མངོན་ཡོད།
འབྲེལ་ཡོད་གསར་འགྱུར།