རྫ་ཆུའི་ངོགས་སུ་ཁེ་སྤོགས་བགོ་འགྲེམས་རྒྱག་ལ་བྲེལ།
—— ཆབ་མདོའི་མཉམ་སྡེབ་དཔལ་འབྱོར་གྱིས“གྲོང་ཚོ་མཛེས་ཤིང་མང་ཚོགས་ཕྱུག་པོར་གྱུར་པ”
ཉིན་ཤས་བསྟུད་མར། རྫ་ཆུའི་ངོགས་ཀྱི་གྲོང་ཚོ་མང་པོར་མཉམ་སྡེབ་དཔལ་འབྱོར་གྱི་ཁེ་སྤོགས་བགོ་འགྲེམས་རྒྱག་པའི་མཛད་སྒོ་གཅིག་རྗེས་གཉིས་མཐུད་དུ་འཚོགས་ཤིང་། ཁ་རུབ་ཆུས་ནས་འཇོ་མདའ་རྫོང་བར་དང་། རི་བོ་ཆེ་རྫོང་ནས་སྟེང་ཆེན་རྫོང་བར་དུ་ལྗིད་ཏིག་ཏིག་གི་ཁེ་སྤོགས་དངུལ་དང་གྱ་ནོམ་པའི་དངོས་ཟོག་ཡུལ་མིའི་ལག་ཏུ་སྤྲོད་བཞིན་མཆིས།
ཁ་རུབ་ཆུས་རུ་བཞི་ཤང་མདའ་རོ་གྲོང་ཚོ་ཨུ་ལྷན་གྱི་སྒོ་རའི་ནང་ཞོགས་པ་སྔ་པོ་ནས་དགོད་སྒྲས་ཁེངས་ཤིང་། གྲོ་ཞིབ་དང་འབྲས་སོགས་འཚོ་བའི་དངོས་ཟོག་མང་པོ་གྲལ་འགྲིག་པོས་བརྩིགས་ནས་བཞག་ཡོད་པ་རེད། དེ་ཡང་གྲོང་ཚོ་ཡོངས་ལ་དུད་ཚང་110ཡོད་པས། མི་རེར་ཆ་སྙོམས་གྲོ་ཞིབ་རྒྱ་མ་100དང་། འབྲས་རྒྱ་མ་150 བཟའ་སྣུམ་འགྱིག་དམ་2བཅས་སྤྲད་པ་དང་། ད་དུང་ཡུལ་མི་དུད་ཚང་102ལ་དུད་ཚང་རེར་དངུལ་སྒོར་2500བགོ་འགྲེམས་བརྒྱབ་ཡོད་པ་རེད། “རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཚན་པ་ཞིག་ཡིན་པའི་ངེད་གྲོང་ཚོས་མ་དངུལ་བརྩོན་ལེན་བྱས་ཏེ་བསྐྲུན་པའི་གྲོང་ཚོའི་རྐང་རྩེད་སྤོ་ལོའི་ཐང་དང་ཐོན་ལས་ཐོག་ཁང་སོགས་གཙོ་གནད་རྣམ་གྲངས་དེ་དག་ད་ཆ་འབབ་ཁུངས་སུ་གྱུར་ཡོད་ཅིང་། 2025ལོར་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་ཡོང་འབབ་སྒོར་ཁྲི་བརྒྱ་ལྷག་ཙམ་བྱུང་ཡོད་པ་རེད”ཅེས་མདའ་རོ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཐུབ་བསྟན་ཉི་མས་ངོ་སྤྲོད་བྱས།
དུས་མཚུངས། འཇོ་མདའ་རྫོང་སྤོ་ལོ་ཤང་ཝེ་འཕྲང་གྲོང་ཚོས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག“སྤོ་ལོ་སྐུ་ཚེའི་ཤིང་བརྐོས”དང་བོད་སྤོས་ཀྱི་ཐོན་ལས་གཉིས་སྒུལ་ཤུགས་སུ་བྱས་པས། 2025ལོར་མཉམ་སྡེབ་དཔལ་འབྱོར་ལ་ཡོང་འབབ་སྒོར་ཁྲི་400ཙམ་བྱུང་བ་དང་མང་ཚོགས་100ལྷག་ཙམ་གྱི་ལས་ཞུགས་ལ་སྐུལ་ཁྲིད་བརྟན་པོ་ཐུབ་ཡོད་པ་རེད། ཉིན་ཤས་གོང་། འཇོ་མདའ་རྫོང་སྤོ་ལོ་ཤང་གི་ཤིང་བརྐོས་བཟོ་གྲྭའི་ནང་དུ་ཝེ་འཕྲང་གྲོང་ཚོའི་ཡུལ་མི་དུད་ཚང་རེར་ཁེ་སྤོགས་སྒོར་200དང་ཁྱད་ལྡན་བོད་སྤོས་ཀྱི་ལག་རྟགས་རེ་སྤྲད་པ་དང་། དཀའ་ངལ་ཡོད་པའི་དུད་ཚང་30ལ་འབྲས་དང་། གྲོ་ཞིབ། བཟའ་སྣུམ་སོགས་འཚོ་བའི་དངོས་ཟོག་འཕར་མ་སྤྲད་ཡོད། ད་དུང་སྦྱངས་འབྲས་ཕུལ་བྱུང་གི་སློབ་མར་སྦྱངས་ཐོན་གཟིགས་བཟོས་ཀྱི་དངུལ་སྤྲད་ཡོད་ལ་བྱིས་པ་ཚོར་རྔན་པའི་ཐུམ་སྒྲིལ་རག་པས་དགའ་ཚོར་ཆེན་པོ་བྱེད། གཞན་ཡང་པར་ཤིང་རྐོ་མཁན་ཚོར་ཡང་གླ་ཆ་དང་ཁེ་སྤོགས་སྤྲད་ཡོད་པ་སོགས་དངོས་དངོས་རྗེན་རྗེན་གྱི་ཁེ་སྤོགས་རག་པ་ལས་ཡུལ་མི་ཚོའི་དགའ་བའི་བཞིན་ལས་སྐྱིད་པའི་མཛུམ་མདངས་འཕྱུར་བཞིན་ཡོད་ཅིང་། “ཐོན་ལས་ཀྱིས་སྐུལ་ཁྲིད་བྱས་ནས་དུད་ཚང་ཚང་མར་ཕན་པ་འདོགས་པའི”རེ་འདོད་བཟང་པོ་མངོན་འགྱུར་བྱུང་ཡོད་པ་རེད།
རི་བོ་ཆེ་རྫོང་རི་བོ་ཆེ་གྲོང་རྡལ་རྟ་ཕྱི་གྲོང་ཚོར་འཇམ་དབྱངས་ཚུལ་ཁྲིམས་ཀྱིས་ཡུལ་མིའི་སྣེ་ཁྲིད་དེ་2012ལོར་བཙུགས་པའི་རྟ་རྡོ་ཉི་འོད་དཔལ་འབྱོར་མཉམ་ལས་ཁང་དེ་ཐོག་མའི་ནགས་ཤིང་འདེབས་འཛུགས་བྱེད་པ་ནས་རིམ་བཞིན་ཞིང་འཕྲུལ་ཕྱིར་ཚོང་དང་རྩམ་པ་ལས་སྣོན་བྱེད་པ་སོགས་ཐོན་ལས་སྣ་མང་དུ་འཕེལ་རྒྱས་དང་བཅས་སྟོབས་ཆེར་སོང་ཡོད་ཅིང་། ད་ཆ“རྒྱལ་ཁབ་རིམ་པའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་དཔེ་སྟོན་ཁང”དུ་གྱུར་ཡོད། ཁེ་སྤོགས་བགོ་འགྲེམས་རྒྱག་ཡུལ་དུ་དུད་ཚང་243གྱི་ཡུལ་མིར་མཉམ་ལས་ཁང་གི་ལོ་འཁོར་གྱི་ཡོང་འབབ་སྒོར་ཁྲི་43.98གྲངས་ཚང་ངང་སྤྲད་པ་རེད།
གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་བསྟུན་ནས། ཆབ་མདོར་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱིས་ཐུན་མོང་ཕྱུག་འགྱུར་གྱི་ལམ་བུར་མཉམ་དུ་མདུན་དུ་བསྐྱོད་དེ། “གྲོང་ཚོ་མཛེས་ཤིང་མང་ཚོགས་ཕྱུག་པོར་གྱུར་པའི”ལེའུ་གསར་རྐྱང་ཞིག་རྩོམ་བཞིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།