འདས་ཟིན་པའི་དཀའ་སྡུག་གི་འཚོ་བ་ལོ་རྒྱུས་ལ་གྱུར་པ།
ནུབ་ཕྱོགས་མཁས་དབང་ཚོའི་སྨྱུག་རྩེ་ལས་ཐོན་པའི་བོད་རྙིང་པར་འགྱུར་ལྡོག་ཆེན་པོ་བྱུང་བ།
དཔྱིད་ཟླ་གསུམ་པར་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་མྱང་ཆུ་གཙང་འགྲམ་དུ་དཔྱིད་རླུང་དལ་གྱིས་ལྡང་བ་དང་། ཞིང་ཐང་ཡངས་མོར་རྨོན་མཛོ་དོར་སྦྲེལ་གྱིས་ས་ཞིང་འདེབས་པ་དང་ཞིང་འཕྲུལ་གྱི་ལྡིར་སྒྲ་གྲགས་པ་སོགས་གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་མཆིས།
རྒྱལ་རྩེ་རྫོང་འཕྲེང་རིང་ཤང་གི་བོད་བཟོའི་ཁང་ཁྱིམ་གྲུ་བཞིའི་ནང་ལོ་80ལ་སླེབས་པའི་ཟླ་བ་ཕན་ཐོགས་ཀྱིས་འཆམ་འཆམ་བྱེད་ཞོར་མིག་ཟུང་ཐག་རིང་གི་ས་ཞིང་ལ་ལྟ་བཞིན་ཡོད། ཁོང་གི་བློ་ཡུལ་དུ་སྔོན་ཆད་དཀའ་སྡུག་གི་ལོ་ཟླ་གསལ་ལེར་འཆར་བ་སྟེ། “ད་ཆ་ས་ཞིང་བཏབ་པའི་འབྲུ་རིགས་ཚང་མ་རང་ཉིད་ལ་དབང་གི་ཡོད”ཅེས་ཚོར་སྣང་ཟབ་མོས་བརྗོད།
“མི་ཡུལ་གྱི་དམྱལ་བ”ཡིན་པའི་དཔང་རྟགས་ཁུངས་བཙན།
1945ལོར། ཟླ་བ་ཕན་ཐོགས་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་དུ་སྐྱེས་པ་དང་། བོད་རྙིང་པའི་ཞིང་བྲན་ཁྲི་ཚོ་བརྒྱའི་གྲས་ཤིག་རེད། གཞིས་ཀའི“ཁྲལ་པ”ཡིན་པའི་ཁོང་གི་ཁྱིམ་གྱིས་མི་རབས་ནས་མི་རབས་བར་ཁྲལ་འུ་ལག་རྒྱུག་དགོས་ཀྱི་ཡོད། ས་ཞིང་སྦར་མོ་གང་དང་མི་ལུས་རང་དབང་གང་ཡང་མེད་སྟབས། ནང་མི་ཚང་མ་མུན་ནག་གི་ས་ཕག་ཁང་པའི་ནང་དཀའ་སྡུག་གི་འཚོ་བ་སྐྱེལ་རྒྱུ་ལས་མ་འདས།
དེ་ལྟ་བུའི་བོད་རྙིང་པར་ཏཱ་ལའི་རུ་ཚོགས་ཀྱིས་ཡུལ་དུས་གང་སར“ལྷ་ཡུལ”ཞེས་འུད་སྒྲོག་བྱེད་ཀྱི་ཡོད། དོན་དམ་དུ་སྐབས་དེའི་བོད་ལྗོངས་ནི་བོད་ས་གནས་སྲིད་གཞུང་དང་། སྐུ་དྲག་དང་དགོན་སྡེའི་མཐོ་རིམ་སེར་མོ་བ་བཅས་ཀྱི་དམིགས་བསལ་དབང་ཆའི་དགའ་ཚལ་ཞིག་ཡིན་མོད། འོན་ཀྱང་ཞིང་བྲན་ཁྲི་ཚོ་བརྒྱ་ཡི་ངོས་ནས་བརྗོད་ན་དེ་ནི་མི་ཡུལ་གྱི་དམྱལ་བ་རང་རེད། རྫུན་གཏམ་གྱིས་དོན་དངོས་ལ་ཞིབ་དཔྱད་ག་ལ་བྱེད་ཐུབ།
བོད་རྙིང་པའི་ཞིང་བྲན་གྱི་དཀའ་སྡུག་ཆེ་བའི་ལོ་ཟླ་དག་ནུབ་ཕྱོགས་ཀྱི་མཁས་དབང་མང་པོས་སྔ་ས་ནས་ལོ་རྒྱུས་དེབ་ཐེར་ཐོག་བཀོད་ཡོད།
1915ལོར། ཕོ་ལན་ནས་ཡིན་པའི་དབྱི་སི་ལེ་ཨེར·ཨའེ་ཕོ་སི་ཐན་ལོ་གཉིས་ལ་སླེབས་སྐབས་ཕ་མ་དང་མཉམ་དུ་ཀྲུང་གོར་ཡོང་ཞིང་། དེ་སྔ་ཨ་རིའི་ཧེ་ཀྲུང་གསར་འགྱུར་ཁང་དང《ཉིའུ་གཡོད་སྐབས་དོན་ཚགས་པར》སོགས་སྨྱན་སྦྱོར་མང་པོར་ལས་ཀ་བྱེད་མྱོང་ཡོད། ཁོང་ནི་རྒྱལ་སྤྱིའི་ཐོག་སྐད་གྲགས་ཡོད་པའི་གསར་འགྱུར་གསར་འགོད་པ་དང་མཁས་དབང་ཞིག་རེད། 1955ལོ་ནས་1985ལོའི་བར་ཁོང་བོད་དུ་ཐེངས་བཞི་ཡོང་ནས་བོད་མི་དམངས་ལོ་ངོ་སྟོང་གི་ལྕགས་སྒྲོག་ལས་ཐར་བ་དང་སྤྱི་ཚོགས་ལ་འཕོ་འགྱུར་ཧ་ཅང་ཆེན་པོ་བྱུང་བའི་ལོ་རྒྱུས་ཀྱི་དུས་སྐབས་ལ་དཔང་པོ་བྱས་ཡོད།
1965ལོར་ཨའེ་ཕོ་སི་ཐན་ཐེངས་གཉིས་པར་བོད་དུ་བསྐྱོད་དེ་ལྷ་ས་དང་གཞིས་རྩེ་གཉིས་སུ་ཡར་ལངས་ཞིང་བྲན་བརྒྱད་ལ་དེ་སྔ་མྱངས་པའི་ཡ་ང་བའི་གནས་ཚུལ་བཅར་འདྲི་བྱས་ཡོད།
དེ་ནི་མུན་ནག་གི་བོད་རྙིང་པ་ཞིག་རེད།
ཨའེ་ཕོ་སི་ཐན་གྱིས་བཅར་འདྲིའི་ཁྲོད་ཆེས་ཡ་ང་བ་ནི་ཀོ་བཟོ་བ་བཀྲ་ཤིས་ཀྱི་ལས་དབང་ཡིན་པ་རེད།
1965ལོར་ལོ་37ལ་སླེབས་པའི་བཀྲ་ཤིས་ཀྱི་རྐང་པ་གཡོན་མ་འཁུམས་ཏེ་འཁར་རྒྱུག་ལ་བརྟེན་ནས་འགྲོ་རྒྱུ་ལས་མ་འདས། བོད་རྙིང་པར་བཀྲ་ཤིས་ནི་ལྷ་སའི་འབྲས་སྤུངས་དགོན་གྱི་ཞིང་བྲན་ཞིག་ཡིན་པ་དང་། རྟག་ཏུ་གྲོང་ཚོ་དང་དུད་ཚང་ཁག་ཏུ་ངལ་ལས་བྱས་ནས་འབྲུ་རིགས་ཕྲན་ཙམ་་ཡོང་ཐབས་བྱེད་ཀྱི་ཡོད། དེབ་ནང་འཁོད་དོན། 1958ལོར་བཀྲ་ཤིས་ཀྱིས་འབྲུ་རིགས་ཁུག་མ་གང་ཁུར་ནས་ཁྱིམ་དུ་ལོག་རྩིས་བྱེད་སྐབས། རྒྱན་གོས་ལེགས་པོ་གྱོན་པའི་མི་གསུམ་གྱིས་རྟ་བཞོན་ནས་རྗེས་འདེད་བཏང་སྟེ་རྒྱུ་མཚན་གང་ཡང་མེད་པར་ཁོང་ལ་འབྲུ་རིགས་བརྐུས་པའི་ཉེས་འགེལ་བྱས་པ་དང་། ཉེས་རྡུང་དྲག་པོ་བཏང་རྗེས་ས་གནས་དེ་གའི་བཙོན་ཁང་དུ་བསྐྱལ། ཕྱིས་སུ་བཀྲ་ཤིས་གྲང་རླུང་འུར་འུར་ལྡང་བའི་སྒོ་ར་ཞིག་ཏུ་བསྐྱུར་ནས་ཉིན་བཅུ་ཏག་ཏག་སོང་རྗེས་གཞི་ནས་ཁྱིམ་དུ་ཁྱེར་ཆོག་པ་རེད། དེ་དུས་ཁོང་ལ་ཚ་བ་ཆེན་པོ་བརྒྱབ་ནས་མི་འཇགས་པ་མ་ཟད། རྐང་པའི་རྨ་ཁ་ནས་ཀྱང་རྣག་མང་པོ་འཛག་བཞིན་ཡོད། 1976ལོར་ཨའེ་ཕོ་སི་ཐན་གྱིས་སླར་ཡང་བཀྲ་ཤིས་ཀྱི་གནས་ཚུལ་འདྲི་རྩད་བྱེད་སྐབས་ཡུལ་མི་ཚོས་དེ་ནས་བཟུང་ཁོང་གི་རྐང་པ་དྲག་སྐྱེད་བྱུང་མེད་ཅེས་བཤད།
ནུབ་ཕྱོགས་ཀྱི་མཁས་དབང་གཞན་དག་གི་ཟིན་བྲིས་ནང་དུའང་བོད་རྙིང་པའི་མུན་ནག་གི་དབང་སྒྱུར་ལ་དཔང་རྟགས་བཞག་ཡོད་ཅིང་། ཡིག་འབྲུ་རེ་རེ་དང་ཚིག་རེ་རེར་ལྟ་སྐབས་ཡ་ང་བ་དང་ཧ་ལས་ཧང་སངས་དགོས་པ་ཞིག་ཡོད།
ཡིག་འབྲུ་རེ་རེ་ལས“མི་ཡུལ་གྱི་བཙོན་ཁང”གི་ཡ་ང་བའི་རྣམ་པ་གསལ་བར་བྱས་ལ། ལྕགས་སྒྲོག་གིས་བསྡམས་པ་དང་སྡུག་བསྔལ་གྱིས་ཁེངས་པའི་ལོ་ཟླ་རིང་པོས་དུས་རབས་འཕེལ་རྒྱས་ཀྱི་གོམ་སྟབས་ཅིས་ཀྱང་འགོག་ཐབས་བྲལ། 1959ལོར་བོད་དུ་དམངས་གཙོའི་བཅོས་སྒྱུར་གྱི་དཔྱིད་ཀྱི་འབྲུག་སྒྲ་ས་མཐོར་གྲགས་པས་ན་སྔུག་བསྔལ་གྱི་ལོ་ཟླ་ཡང་རྦད་དེ་མཇུག་འགྲིལ་ཡོད།
སྐྱ་རེངས་ཐོག་མར་ཤར། ཞིང་བྲན་ཡར་ལངས་བྱུང་།
1959ལོའི་ཟླ་3ཚེས་28ཉིན་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་དུ་ཟིལ་རླབས་དགུང་འཕྱུར་གྱི་དམངས་གཙོའི་བཅོས་སྒྱུར་བྱས་ཡོད། དུས་དེ་ནས་བཟུང་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་ནས་རང་གི་ལས་དབང་ལ་རང་གིས་བདག་པོ་རྒྱག་ཐུབ་ཡོད། ལོ་དེ་རང་གི་ཟླ་9པའི་ཚེས་21ཉིན་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད་ལ་གྲོས་འཆམ་བྱུང་སྟེ། བཀས་བཀོད་རྒྱུད་འཛིན་ཞིང་བྲན་བདག་པོའི་ས་ཞིང་དབང་བའི་ལམ་ལུགས་མེད་པར་བཟོས་ནས། ཞིང་པར་ས་ཞིང་དབང་བའི་ལམ་ལུགས་ལག་བསྟར་བྱས་པས། ལོ་ངོ་སྟོང་ཕྲག་རིང་ཞིང་བྲན་གྱི་ལུས་ལ་བཅིངས་པའི་བཀས་བཀོད་རྒྱུད་འཛིན་གྱི་ལྕགས་སྒྲོག་གཞི་ནས་གཏོར་ཐུབ་ཡོད།
དུས་ཐུང་ཟླ་བ་གཉིས་ནང་། འཕྲེང་རིང་ཤང་གི་ཡར་ལངས་ཞིང་བྲན་དུད་ཚང་25ཡི་བུ་ལོན་ཚང་མ་མེད་པར་བཟོས་པ་དང་། ཟླ་བ་ཕན་ཐོགས་ཀྱི་ནང་ལ་ས་ཞིང་མུའུ་30ལྷག་བགོས་པ་མ་ཟད། ད་དུང་མཛོ་དང་། གླང་། རྟ། ལུག་བཞི་བཅས་ཀྱང་བགོས་ཡོད། ཁོང་གིས་རང་ཁྱིམ་གྱི་མཛོ་ལ་བྱིལ་བྱིལ་བྱེད་དུས“འཚོ་བར་རྟེན་ས་ཡོད་པའི་སྣང་བ”ཐོག་མར་བྱུང་།
ཁོང་གིས་བོད་ཀྱི“ལོ་ངོ་སྟོང་གི་མཆོང་སྐྱོད”ཀྱི་དུས་རབས་ཀྱི་འཕོ་འགྱུར་ཆེན་པོར་དཔང་པོ་བྱས་ཡོད།
1974ལོ་ནས་བཟུང་། ཟླ་བ་ཕན་ཐོགས་ཀྱིས་སྔ་རྗེས་སུ་རྒྱལ་རྩེ་རྫོང་འཕྲེང་རིང་ཤང་དང་། འབྲོང་རྩེ་ཤང་། མྱང་སྟོད་ཤང་སོགས་ཀྱི་ཏང་ཨུད་ཧྲུའུ་ཅི་བྱས་ཏེ་ཡུལ་མི་ཚོའི་སྣེ་ཁྲིད་དེ་ཆུ་ཡུར་བཟོ་བ་དང་། ས་རྒྱུ་ཞན་པའི་རི་ཞིང་དག་ལ་ཆུ་ཡུར་བཟོས་ནས་ཞིང་ཆུ་འདྲེན་དཀའ་བའི་གནད་དོན་ཐག་གཅོད་བྱས་ཡོད། ཁོང་གིས་ཡུལ་དམག་སྒྲིག་འཛུགས་བྱས་ནས་ལམ་བསྲུངས་པ་དང་། འཛུགས་སྐྲུན་རྣམ་གྲངས་ཁག་ནང་ཧུར་ཐག་ཞུགས་ཏེ། སེམས་ནུས་ཡོད་རྒུ་ཕ་ཡུལ་གྱི་འཕེལ་རྒྱས་ལ་བཏོན་ཡོད།
1988ལོའི་ཟླ་4པར། ཟླ་བ་ཕན་ཐོགས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བདུན་པའི་འཐུས་མིར་བདམས་ཤིང་། སྔོན་ཆད་མགོ་བོ་བཏེགས་ནས་གཞིས་ཀའི་རྒྱལ་སྒོར་ཡང་ལྟ་མི་ཕོད་པའི་ཞིང་བྲན་དེ་གནམ་གྲུར་ཐེངས་དང་པོར་བསྡད་དེ་པེ་ཅིང་དུ་འབྱོར་ནས། རྒྱལ་ཡོངས་ས་གནས་ཁག་ནས་ཕེབས་པའི་འཐུས་མི་ཚོ་དང་ལྷན་དུ་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་ཐབས་འདོན་ཇུས་འབུལ་བྱེད་ཀྱི་ཡོད།
རི་ཀླུང་རྣམ་པ་མཛེས། བདེ་སྐྱིད་སྐལ་བ་བཟང་།
ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་ཡར་བརྩོན་བྱས་པ་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་འདི་ཉིད་འཕེལ་རྒྱས་ཡག་ཤོས་དང་། འགྱུར་ལྡོག་ཆེ་ཤོས། མང་ཚོགས་ལ་ཕན་པ་དངོས་ཐོབ་མང་ཤོས་བཅས་ཀྱི་དུས་སྐབས་སུ་སླེབས་ཡོད།
ལྷ་སའི་ཡར་ལངས་ཞིང་བྲན་ཁྱིམ་ཚང་དུ་སྐྱེས་པའི་སྐལ་བཟང་ཡེ་ཤེས་ཀྱི་སློབ་ཆུང་ནས་སློབ་ཆེན་བར་གྱི་སློབ་གྲྭའི་འགྲོ་སོང་ཚང་མ་རྒྱལ་ཁབ་ཀྱིས་བཏང་བ་དང་། 1978ལོར་བདེ་བླག་ངང་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད། སློབ་གྲྭ་ཐོན་རྗེས་བོད་ཡིག་རྩོམ་རིག་ཞིབ་འཇུག་གི་ལས་ལ་རྩེ་གཅིག་ཏུ་གཞོལ་ནས། “བོད་རྙིང་པར་དེང་རབས་བོད་རིག་པའི་ཞིབ་འཇུག་མེད་པའི”ལོ་རྒྱུས་མཇུག་བསྒྲིལ་བ་རེད།
ལོ་ཟླའི་འགྲུལ་བཞུད་ཁྲོད། གངས་ལྗོངས་ས་མཐོའི་རྣམ་པ་ཡོངས་སུ་འགྱུར་ཡོད།
ད་ཆ་ཟླ་བ་ཕན་ཐོགས་སྨི་ངོས་གྲུ་400ལྷག་ཙམ་ཡོད་པའི་བོད་བཟོའི་ཐོག་བརྩེགས་ཁང་ཆེན་དུ་སྡོད་པ་དང་། ཁང་པ་རྒྱ་ཆེ་ལ་དཀར་ཆ་དོད་ཅིང་། དེང་རབས་ཅན་གྱི་ཁྱིམ་སྤྱོད་གློག་ཆས་གང་དགོས་ཆ་ཚང་འཛོམས་ལ། མཛོད་ཁང་འབྲུ་ཡིས་ཁེངས་པ་མ་ཟད། འཁྱགས་སྒམ་ནང་དུའང་ཚགས་ཤ་སྐམ་པོ་བྱུར་བུར་བླུགས་ནས་ཡོད།
སྔོན་ཆད་དཀའ་སྡུག་གི་འཚོ་བ་རྦད་དེ་མཇུག་འགྲིལ་བ་དང་། བོད་ཀྱི་མི་དམངས་ལ་དབང་བའི་བདེ་སྐྱིད་ལྡན་པའི་འཚོ་བ་ཉིན་རེ་ལས་མ་འདས་པར་ལེགས་སུ་འགྲོ་བཞིན་ཡོད།
(《དཔྱད་ཡིག་ཆ་འཕྲིན་ཚགས་པར》ནས་བརྒྱུད་འགོད་བྱས། མཉམ་དུ་རྩོམ་འབྲི་བྱེད་མཁན་འཇིགས་མེད་རྡོ་རྗེ)
འབྲེལ་ཡོད་གསར་འགྱུར།