དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་རིང་འཛད་སྤྱོད་ཀྱི་དགོས་མཁོ་རྒྱུན་མཐུད་ཆེ་རུ་སོང་བ།
སྤྱི་ཚོགས་ཡོངས་སུ་ས་ཁོངས་བརྒལ་ནས་འགྲོ་སྐྱོད་བྱེད་མཁན་མི་ཐེངས་དུང་ཕྱུར་8.4ལྷག་ཙམ་ཟིན་པ།
གསར་འགོད་པར་ཚོང་དོན་པུའུ་ནས་ཤེས་རྟོགས་བྱུང་བར། དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་རིང་། ས་གནས་མང་པོས་དཔྱིད་ཀའི་གུང་གསེང་རྒྱུན་མཐུད་བཞག་པས་འཛད་སྤྱོད་དགོས་མཁོ་ཆེ་རུ་ནུས་ལྡན་སོང་སྟེ་དཔྱིད་དུས་ཀྱི་འཛད་སྤྱོད་ཁྲོམ་རར་གསོན་ཤུགས་བསྣན་ཡོད། ཚོང་དོན་པུའུ་ཡི་ཚོང་དོན་གྲངས་གཞི་ཆེན་པོ་ལས་མངོན་པར། དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་རིང་། རྒྱལ་ཡོངས་ཀྱི་གཙོ་གནད་སིལ་ཚོང་དང་བཟའ་བཏུང་ཁེ་ལས་ཀྱི་ཉིན་རེའི་ཆ་སྙོམས་བཙོངས་འབོར་དུས་མཚུངས་ལས་2.4%འཕར་བ་དང་། ཚོང་དོན་པུའུ་ཡིས་གཙོ་གནད་ལྟ་ཞིབ་ཚད་ལེན་བྱེད་པའི་རྐང་ཐང་ཁྲོམ་གཞུང(ཚོང་སྐོར)78དུ་འགྲུལ་པ་ཕར་འགྲོ་ཚུར་འོང་བྱེད་ཚད་དང་ལས་གཉེར་ཡོང་འབབ་དུས་མཚུངས་ལས་6.0%དང་6.7%སོ་སོར་འཕར་ཡོད་པ་རེད།
ཚོང་ལས་འཛད་སྤྱོད་ཐད། ཟླ་4ཚེས་5ཉིན་བར། 2026ལོར་རླངས་འཁོར་རྙིང་པ་གསར་པར་བརྗེ་བར་ཁྱོན་ཁ་གསབ་སྒོར་ཁྲི་152.6སྤྲད་པས་རླངས་འཁོར་གསར་པ་བཙོངས་འབོར་སྒོར་དུང་ཕྱུར་2468ཟིན་པར་སྐུལ་ཁྲིད་བྱས་པ་དང་། ཁྱིམ་སྤྱོད་གློག་ཆས་རྙིང་པ་གསར་པར་བརྗེ་བ་དང་གློག་རྡུལ་སྒྲིག་ཆས་དང་རིག་ནུས་སྒྲིག་ཆས་བཅས་གསར་ཉོའི་ཐོན་རྫས་བཙོངས་ཚད་ཁྲི་6284.5ཟིན་ནས་བཙོངས་འབོར་སྒོར་དུང་ཕྱུར་2159.7ཟིན་པར་སྐུལ་ཁྲིད་བྱས་ཡོད་པ་རེད།
གསར་འགོད་པར་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱུང་བར། དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་རིང་། རྒྱལ་ཡོངས་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ཁ་ཆར་དང་སྨུག་རྡུལ་གྱི་གནམ་གཤིས་སྡུག་པོ་བསྟན་པ་མ་ཟད། དྭངས་གསལ་དུས་ཚིགས་རིང་དུར་ཕྱགས་དང་། སྔོ་གསོལ། གཉེན་འཕྲད་བཅས་བྱེད་པར་འགྲོ་མཁན་ཡང་མང་བ་ལས་བྱུང་བའི་བདེ་འཇགས་ཀྱི་ཉེན་ཁ་དང་ལམ་འགག་པའི་ཉེན་ཁར་ཁ་གཏད་ཧུར་ཐག་གཅོག་ཆེད། ཉིན་རེར་ཆ་སྙོམས་ཉེན་རྟོག་པ་ཁྲི་16.1ལྷག་ཙམ་དང་ཉེན་ཟོན་རླངས་འཁོར་ཁྲི་5.4ལྷག་ཙམ་བཏང་ནས། འགྲིམ་འགྲུལ་སྒྲིག་འཛུགས་ཚན་རིག་དང་མཐུན་པའི་ངང་ལེགས་སུ་གཏོང་བ་དང་། འགྲོ་ལམ་འགྲོ་སྐྱོད་ཀྱི་སྒྲིག་ལམ་ལ་དོ་དམ་ནན་པོ་བྱེད་པ། ཁ་ཆར་དང་སྨུག་རྡུལ་གྱི་གནམ་གཤིས་སྟོན་སྐབས་འགྲིམ་འགྲུལ་གྱི་འཕྲལ་སྡོམ་དོ་དམ་ནུས་ཤུགས་ཡོད་རྒུས་བྱེད་པ། ཕྱིར་སྐྱོད་ཁྲིད་སྟོན་དྲན་སྐུལ་དུས་ཐོག་ཏུ་བྱས་ནས། གུང་གསེང་རིང་གི་འགྲོ་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་ཤར་བགྲོད་ཐུབ་པར་འགན་ལེན་ཧུར་ཐག་བྱས་ཡོད་པ་རེད།
གསར་འགོད་པར་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་ཤེས་རྟོགས་བྱུང་བར། དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་རིང་། སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་བརྒལ་ནས་འགྲོ་སྐྱོད་བྱེད་མཁན་མི་ཐེངས་དུང་ཕྱུར་8.4ཟིན་ནས་ཉིན་རེར་ཆ་སྙོམས་མི་ཐེངས་དུང་ཕྱུར་2.8ལྷག་ཙམ་ཟིན་པ་དེ་2025ལོའི་དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་རིང་ལས་6%འཕར་ཡོད་པ་རེད།
གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཟླ་4ཚེས་6ཉིན། རྒྱལ་ཡོངས་ལྕགས་ལམ་ནས་གུང་གསེང་རིང་ཚུར་ལོག་མཁན་གྱི་འགྲུལ་རྒྱུན་མང་ཤོས་བསུས་ནས་འགྲུལ་པ་མི་ཐེངས་ཁྲི་2080དབོར་བ་དང་འགྲུལ་སྐྱེལ་མེ་འཁོར་1369མང་དུ་བཏང་ཡོད། ཟླ་4ཚེས་5ཉིན་རྒྱལ་ཡོངས་ལྕགས་ལམ་ནས་འགྲུལ་པ་མི་ཐེངས་ཁྲི་1475.6དབོར་ནས་སྐྱེལ་འདྲེན་བདེ་འཇགས་བརྟན་པོ་དང་གོ་རིམ་ལྡན་པ་བྱུང་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།