དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “མྱུར་སྐྱེལ་གྲོང་ཚོར་ཁྱབ་པའི”སྦྲག་སྲིད་ཐ་སྐྱོང་གི་ཆེད་དོན་ཚོད་ལྟ་བྱེད་འགོ་ཚུགས་པ།

    དབུས་ནུབ་རྒྱུད་ཀྱི་ཞིང་ཆེན་17གྱིས་ཞིང་ཆེན་རེ་ནས་ཚོད་ལྟའི་རྫོང་རེ་བདམས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-04-08

    ཉེ་ཆར། རྒྱལ་ཁབ་སྦྲག་སྲིད་ཅུས་དང་ཀྲུང་གོ་སྦྲག་སྲིད་ཚོགས་པ་ཚད་ཡོད་ཀུང་སིས་བརྡ་ཐོ་བཏང་ནས་དབུས་ནུབ་རྒྱུད་ཀྱི་གྲོང་གསེབ་ས་ཁུལ་དུ“མྱུར་སྐྱེལ་གྲོང་ཚོར་ཁྱབ་པའི”སྦྲག་སྲིད་ཐ་སྐྱོང་གི་ཆེད་དོན་ཚོད་ལྟའི་ལས་དོན་སྤེལ་ནས་རྒྱལ་ཡོངས་ཁྱབ་ཁོངས་སུ་རྒྱུན་རྣམ་ཅན་གྱི་སྒོ་ནས་སྦྲག་སྲིད་ཐ་སྐྱོང་གི་ཞབས་ཞུ་སྒྲུབ་པར་རྨང་གཞི་བཏིང་བ་རེད།

    ཚོད་ལྟའི་ནང་དབུས་ནུབ་རྒྱུད་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)17ཚུད་པ་དང་ཞིང་ཆེན་རེས་ཚོད་ལྟའི་རྫོང་1རེ་བདམས་ཡོད་ཅིང་། བརྡ་ཐོའི་ནང་དྲ་ཞུགས་མཚམས་ཚིགས་དང་། ཞབས་ཞུའི་ཚད་གཞི། འདྲི་རྩད་ཞབས་ཞུ། བདེ་འཇགས་འགན་འཁྲི། ཁྲིམས་སྲོལ་སྤྱད་འཐུས་སོགས་ཀྱི་བླང་བྱ་ཁ་གསལ་བཟོས་ཡོད། འབྲེལ་ཡོད་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)གྱི་སྦྲག་སྲིད་ཡན་ལག་ཀུང་སིས་ཚོད་ལྟའི་རྫོང་གི་གྲོང་གསེབ་ཞབས་ཞུའི་ནུས་པའི་ཞན་ཆ་མགྱོགས་མྱུར་སེལ་བར་རྒྱབ་སྐྱོར་བྱེད་པ་དང་། རྫོང་ཁོངས་ཀྱི་ཐག་གཅོད་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ། རང་འགུལ་ཅན་གྱི་ཐག་གཅོད་སྒྲིག་ཆས་ནང་འདྲེན་བྱེད་པ། མི་མེད་རླངས་འཁོར་དང་མི་མེད་གནམ་གྲུ་སོགས་གྲོང་གསེབ་ས་ཁུལ་དུ་ཚོད་ལྟ་དང་བེད་སྤྱོད་བཅས་བྱ་རྒྱུ་ཡིན་ལ། གྲོང་ཚོ་རིམ་པའི་སྐུར་སྐྱེལ་ཟོག་འགྲུལ་གྱི་ཕྱོགས་བསྡུས་ཞབས་ཞུ་ས་ཚིགས་ལ་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱས་ནས། གྲོང་ཚོ་རིམ་པའི་ས་ཚིགས་ཀྱི་འཚོ་གནས་ནུས་པ་ཆེ་རུ་གཏོང་རྒྱུ་རེད། གཞན་ཡང་། བརྡ་ཐོའི་ནང་གྲོང་གསེབ་ཀྱི་འགྲུལ་སྐྱེལ་འཁོར་རིགས་ཀྱིས་སྦྲག་བསྐུར་དང་མྱུར་སྐྱེལ་དངོས་ཟོག་ལ་སྐུལ་འདེད་བཏང་ནས“འགྲུལ་སྐྱེལ་གྱི་རྒྱུན་བཙུགས་འགྲོ་ལམ+སྦྲག་སྲིད་མྱུར་སྐྱེལ”གྱི་ཐོན་ཁུངས་མཉམ་སྤྱོད་མངོན་འགྱུར་བྱེད་པ་དང་། རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་འགྲུལ་སྐྱེལ་དང་། ཟོག་འདྲེན། སྦྲག་སྲིད་བཅས་མཉམ་འདྲེས་ཀྱི་སྐྱེལ་འདྲེན་ཞབས་ཞུའི་དྲ་རྒྱ་བསྐྲུན་ནས། གྲོང་གསེབ་ཀྱི་མཇུག་སྣེའི་འགྲེམ་སྐྱེལ་མ་གནས་དམའ་རུ་གཏོང་བ་དང་། ཞབས་ཞུའི་ཁྱབ་ཁྱོན་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

    2025ལོར་སྒྲིག་ཁོངས་གྲོང་ཚོའི་མྱུར་སྐྱེལ་ཞབས་ཞུ་ཁྱབ་ཚད་95%ལས་བརྒལ་བ་དང་། ཐད་གཉེར་ལམ་ལུགས་ཀྱི་མྱུར་སྐྱེལ་ཁེ་ལས་གྲོང་ཚོར་ཁྱབ་ཚད་90%ལས་བརྒལ་བ། མནའ་འབྲེལ་ལམ་ལུགས་ཀྱི་མྱུར་སྐྱེལ་ཁེ་ལས་གྲོང་ཚོར་ཁྱབ་ཚད་1/3བར་མཐོ་རུ་ཕྱིན་པ། སྒྲིག་ཁོངས་གྲོང་ཚོར་གཟའ་འཁོར་རེར་སྦྲག་བསྐུར་ཐེངས་5དང་དེ་ཡན་སྐྱེལ་བའི་བསྡུར་ཚད་88.67%ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།