ཕྱི་རྒྱལ་དུ་བཅའ་སྡོད་རང་རྒྱལ་གྱི་གཞུང་ཚབ་ཆེ་མོ་ཁང་དང་། ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེ། ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་སོགས་ཀྱིས་དྭངས་གསལ་དུས་ཚིགས་ཀྱི་དུར་ཕྱགས་བྱེད་སྒོ་སྤེལ་བ།

འདི་ནི་དྭངས་གསལ་དུས་ཚིགས་རིང་། ཙན་པི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་དེ་བཞིན་ཙན་པི་ཡར་ཡོད་པའི་ཀྲུང་གོའི་མ་འཇོག་སྒྲིག་གཞི། ཕྱིར་སྡོད་རང་མིའི་འཐུས་མི་སོགས་ལུ་ས་ཁར་ཡོད་པའི་ཐན་ཙན་ལྕགས་ལམ་དྲན་གསོའི་གླིང་དུ་དུར་ཕྱགས་བྱེད་སྒོ་སྤེལ་བར་བསྐྱོད་ནས་ཐན་ཙན་ལྕགས་ལམ་འཛུགས་སྐྲུན་སོགས་ཀྲུང་གོ་དང་ཙན་པི་ཡའི་མཛའ་གྲོགས་བྱ་གཞག་ཁྲོད་རང་སྲོག་ཤོར་བའི་ཀྲུང་གོའི་ཕྱི་རྒྱལ་ལ་རོགས་སྐྱོར་བྱེད་མཁན་གྱི་ལས་དོན་པར་རྗེས་དྲན་ཞུ་བཞིན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་5ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཕྱི་རྒྱལ་དུ་བཅའ་སྡོད་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཕྱོགས་བསྡུས་གནས་ཚུལ་སྤེལ་གསལ། ཉེ་ཆར། རྒྱལ་ཁབ་མང་པོར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་། ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེ། ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་སོགས་ཀྱིས་དུར་ཕྱགས་བྱེད་སྒོ་སྤེལ་ནས། ཕྱི་རྒྱལ་དུ་སྐུ་གཤེགས་པའི་སྔོན་གཤེགས་དཔའ་བོ་དང་དེ་བཞིན་རྩ་ཆེའི་ཚེ་སྲོག་བློས་བཏང་ནས་ཕྱི་རྒྱལ་ལ་རོགས་སྐྱོར་བྱེད་མཁན་ལས་དོན་པར་མཆོད་འབུལ་བྱས་པ་རེད།
ཉིན་ཤས་གོང་། སུའུ་ཏན་ལྷོ་མར(ཀྲུའུ་པ)སྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེ་ཁག་བཅུ་གཉིས་པའི་རྐང་དམག་དམག་སྒར་གྱིས་དྭངས་གསལ་དུས་ཚིགས་ལ་སྔོན་གཤེགས་དཔའ་བོར་དུར་ཕྱགས་ཀྱི་བྱེད་སྒོ་སྤེལ་ནས། འཛམ་གླིང་ཞི་བདེ་སྲུང་སྐྱོང་བྱ་ཆེད་རང་སྲོག་བློས་གཏོང་མཁན་གྱི་ཞི་བདེ་སྲུང་སྐྱོང་གི་སྔོན་གཤེགས་དཔའ་བོ་ལི་ལེ་དང་དབྱང་ཧྲུའུ་ཕེང་ལ་རྗེས་དྲན་ཞུས་པ་རེད། ཞི་བདེ་སྲུང་སྐྱོང་དཔོན་དམག་ཡོངས་དང་སུའུ་ཏན་ལྷོ་མར་བཅའ་སྡོད་རང་རྒྱལ་གྱི་གཞུང་ཚབ་ཆེ་མོ་ཁང་གི་འཐུས་མི་ཚོས་སྔོན་གཤེགས་དཔའ་བོ་གཉིས་སྐུ་འཚོ་བཞུགས་སྐབས་འཐབ་འཛིང་བྱེད་མྱོང་བའི་འཐབ་འཁོར་གྱི་མདུན་དུ་རུ་སྟར་བསྒྲིགས་ཤིང་ངག་བསྡམས་ཏེ་མྱ་ངན་ཞུས་པ་དང་འབྲེལ་གུས་འདུད་ཀྱང་ཞུས་པ་དང་། གུས་མཚོན་སྲུང་དམག་གིས་མེ་ཏོག་སི་ར་ཕུལ་བ་རེད། སུའུ་ཏན་ལྷོ་མར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་མཱ་ཆང་དང་ཞི་བདེ་སྲུང་སྐྱོང་རྐང་དམག་དམར་སྒར་གྱི་བཀོད་འདོམས་པ་དབུན་ཧའེ་ཡོན་གྱིས་མདུན་དུ་ཕེབས་ནས་མྱ་ངན་ཞུ་བའི་ཆ་ཡིག་བསྲོངས་པ་རེད།
ཉིན་ཤས་གོང་། ཧྥི་ལི་ཕིན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་ས་གནས་དེ་གའི་ཕྱིར་སྡོད་རང་མི། ཕྱི་ཁོངས་ཀྲུང་གོ་བའི་འཐུས་མི་ཚོ་མཱ་ནི་ལའི་ཕྱིར་སྡོད་རང་མིའི་དབྱི་ཧྲན་སྤྱི་པའི་བང་སོ་རུ་ཕེབས་ནས་རི་པིན་ཧྥ་ཤི་སིའི་བཙན་འཛུལ་ལ་འགོག་རྒོལ་བྱེད་རིང་རང་སྲོག་ཤོར་བའི་ཧྥི་ལི་ཕིན་གྱི་ཕྱིར་སྡོད་རང་མིའི་སྔོན་གཤེགས་དཔའ་བོར་མྱ་ངན་ཞུས་པ་རེད། ཧྥི་ལི་ཕིན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཅིང་ཆོན་གྱིས། ཀྲུང་གོ་དང་ཧྥི་ལི་ཕིན་རྒྱལ་ཁབ་གཉིས་པོས་འཛམ་གླིང་དམག་ཆེན་གཉིས་པའི་ཁྲོད་ཕན་ཚུན་གཞོགས་འདེགས་བྱས་ནས་རི་པིན་དམག་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་ལ་མཉམ་དུ་འགོག་རྒོལ་བྱས་ཡོད། ཧྥི་ལི་ཕིན་དུ་སྡོད་པའི་ཕྱིར་སྡོད་རང་མི་ཚོས་ཧྥི་ལི་ཕིན་གྱི་མི་རིགས་བཅིངས་འགྲོལ་བྱ་གཞག་ཆེད་རང་སྲོག་བློས་བཏང་ནས་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་བརྗོད།
ཙན་པི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་དེ་བཞིན་ཙན་པི་ཡར་ཡོད་པའི་ཀྲུང་གོའི་མ་འཇོག་སྒྲིག་གཞི། ཕྱིར་སྡོད་རང་མིའི་འཐུས་མི་སོགས་གྲོང་ཁྱེར་ལུ་ས་ཁར་ཡོད་པའི་ཐན་ཙན་ལྕགས་ལམ་དྲན་གསོའི་གླིང་དུ་དུར་ཕྱགས་བྱེད་སྒོ་སྤེལ་བར་བསྐྱོད་ནས། ཐན་ཙན་ལྕགས་ལམ་འཛུགས་སྐྲུན་སོགས་ཀྲུང་གོ་དང་ཙན་པི་ཡའི་མཛའ་གྲོགས་བྱ་གཞག་ཁྲོད་རང་སྲོག་ཤོར་བའི་ཀྲུང་གོའི་ཕྱི་རྒྱལ་ལ་རོགས་སྐྱོར་བྱེད་མཁན་ལས་དོན་པར་རྗེས་དྲན་ཞུས་པ་རེད། ཙན་པི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཧན་ཅིང་གིས། ཀྲུང་གོ་དང་། ཐན་ཙན་ནི་ཡ། ཙན་པི་ཡ་བཅས་རྒྱལ་ཁབ་གསུམ་གྱི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཐན་ཙན་ལྕགས་ལམ་གྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་ཐན་ཙན་ལྕགས་ལམ་གྱི་ནུས་སློང་རྣམ་གྲངས་དང་དེ་བཞིན་ལམ་རྒྱུད་ཀྱི་དར་རྒྱས་ཁུལ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས། ས་ཁོངས་འཕེལ་རྒྱས་ལ་རམ་འདེགས་བྱས་ཏེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི་རྣམ་པ་གསར་པ་གཏོད་དགོས་ཞེས་བརྗོད།
འབྲེལ་ཡོད་གསར་འགྱུར།