གྲངས་འཛིན་དཔལ་འབྱོར་མཉམ་ལས་དང་གསར་གཏོད་ཀྱི་གླེང་སྟེགས་སུ་གྲངས་འཛིན་མཛའ་མཐུན་འབྱུང་འགྱུར་མཉམ་དུ་གཏོད་རྒྱུའི་སྐོར་ལ་བགྲོ་གླེང་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རི་ནེ་ཝ་ནས་གློག་འཕྲིན་འབྱོར་གསལ། 2026ལོའི་གོ་ལ་ཧྲིལ་པོའི་གྲངས་འཛིན་དཔལ་འབྱོར་གྱི་ཚོགས་ཆེན་གྱི་གྲངས་འཛིན་དཔལ་འབྱོར་མཉམ་ལས་དང་གསར་གཏོད་ཀྱི་གླེང་སྟེགས་ཉེ་ཆར་སུའེ་ཙེར་གྱི་རི་ནེ་ཝའི་དབན་གོ་ཕོ་བྲང་དུ་འཚོགས་པ་རེད། གླེང་སྟེགས་ཀྱིས“གྲངས་འཛིན་དང་རིག་ནུས་ལ་དབྱེ་མཚམས་མེད། ཕན་ཚུན་མཛའ་མཐུན་གཉིས་ཁེ་ཡོང་བར་བྱེད་པའི”བརྗོད་དོན་གཙོ་བོར་བྱས་ཤིང་། གོ་ལ་ཧྲིལ་པོའི་སྲིད་ཕྱོགས་དང་ཚོང་ལས། རིག་གཞུང་པའི་སྡེ་བཅས་དང་དེ་བཞིན་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་བཅས་ཁྱོན་མི་150ལྷག་ཙམ་ཚོགས་འདུར་ཞུགས་ནས་གྲངས་འཛིན་དཔལ་འབྱོར་གྱི་འཕེལ་ཕྱོགས་གསར་ཤོས་དང་། རྒྱལ་སྤྱིའི་མཉམ་ལས། མཉམ་ཁེའི་ཐབས་ལམ་བཅས་ལ་དམིགས་ནས་སྤེལ་རེས་ཟབ་མོ་བྱས་པ་རེད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་རི་ནེ་ཝ་དོན་གཅོད་ཁྲུའུ་དང་སུའེ་ཙེར་གྱི་རྒྱལ་སྤྱིའི་རྩ་འཛུགས་གཞན་དག་ཏུ་རྒྱུན་སྡོད་འཐུས་མི་གཞོན་པ་དང་གཞུང་ཚབ་ཆེ་མོ་བ་ཧྲེན་ཅན་གྱིས་ཤིས་ཚིག་བསྒྲོན་ནས་གྲངས་འཛིན་དཔལ་འབྱོར་ནི་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་པ་དང་། འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱེད་པའི་སྟོན་རྟགས་ཤིག་ཡིན་པ་མ་ཟད། རྒྱལ་སྤྱིའི་མཉམ་ལས་ཟབ་ཏུ་གཏོང་བ་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་སྟེགས་གལ་ཆེན་ཞིག་ཀྱང་ཡིན། གྲངས་འཛིན་དཔལ་འབྱོར་ཇི་ཙམ་མདུན་ཕྱོགས་སུ་འཕེལ་རྒྱས་སོང་ན་དེ་ཙམ་གྱིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ་ཡིན་ཞེས་བརྗོད་པ་རེད།
ད་ཐེངས་ཀྱི་གླེང་སྟེགས་ནི་གོ་ལ་ཧྲིལ་པོའི་གྲངས་འཛིན་དཔལ་འབྱོར་གྲོང་ཁྱེར་མནའ་འབྲེལ་དང་གོ་ལ་ཧྲིལ་པོའི་གྲངས་འཛིན་དཔལ་འབྱོར་ཚོགས་ཆེན་སྒྲིག་འཛུགས་ཨུ་ལྷན་གྱིས་མཉམ་དུ་གཙོ་གཉེར་བྱས་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། གླེང་སྟེགས་ཀྱིས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་ཤོས་དང་རྒྱལ་སྤྱིའི་མཉམ་ལས་སྒྲོམ་གཞིར་དམིགས་པའི་ཐོག“གོ་ལ་ཧྲིལ་པོའི་གྲངས་འཛིན་དཔལ་འབྱོར་མཉམ་ལས་བྱེད་སྟངས་གསར་པ་སྟེ། ཕན་ཚུན་ཡིད་ཆེས་དང་། ཚད་གཞི་དང་མཉམ་དུ་འཚར་ལོངས་བྱེད”ཅེས་པར་དམིགས་ནས་ཀྲུང་གོ་དང་སུའེ་ཙེར་གྱི་ཁེ་ལས་དབར་བཞུགས་མོལ་བྱས་ཤིང་། གླེང་སྟེགས་སུ་ད་དུང“པེ་ཅིང་གི་ཇུས་གཞིའི”འགྲེམས་ཁུལ་བཙུགས་ནས་པེ་ཅིང་གི་གྲངས་འཛིན་དཔལ་འབྱོར་གྱི་ཚད་ཤིང་ཁེ་ལས་མང་པོས་ས་གནས་ས་ཐོག་ཏུ་ཚོགས་ཞུགས་སྐུ་མགྲོན་ཚོ་དང་མཉམ་དུ་སྤེལ་རེས་དང་མཉམ་འགུལ་འཁྲུག་པོ་བྱས་པ་རེད།
2026ལོའི་གོ་ལ་ཧྲིལ་པོའི་གྲངས་འཛིན་དཔལ་འབྱོར་ཚོགས་ཆེན་ཟླ་བདུན་པར་པེ་ཅིང་དུ་འཚོག་རྒྱུ་ཡིན་པ་དང་། ཚོགས་འདུར་གྲངས་འཛིན་མཛའ་མཐུན་གྲོང་ཁྱེར་འཛུགས་སྐྲུན་དང་གྲངས་འཛིན་རྒྱུ་རྐྱེན་གཙོ་བོའི་རིན་ཐང་མངོན་རྒྱུར་དམིགས་ནས་གྲངས་འཛིན་ལག་རྩལ་གསར་གཏོད་བེད་སྤྱོད་དང་། ཐོན་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་ཤོས་ཁྱོན་ཡོངས་ནས་མངོན་པར་བྱ་རྒྱུ་རེད། གོ་ལ་ཧྲིལ་པོའི་གྲངས་འཛིན་དཔལ་འབྱོར་གྲོང་ཁྱེར་མནའ་འབྲེལ་འདི་2025ལོའི་ཟླ་བདུན་པར་འཚོགས་པའི་གོ་ལ་ཧྲིལ་པོའི་གྲངས་འཛིན་དཔལ་འབྱོར་ཚོགས་ཆེན་ཐོག་པེ་ཅིང་དང་གོ་ལ་ཧྲིལ་པོའི་རོགས་ཟླའི་གྲོང་ཁྱེར་40ལྷག་ཙམ་གྱིས་མཉམ་དུ་གྲོས་འགོ་བཏོན་ནས་བཙུགས་པ་ཞིག་རེད།
འབྲེལ་ཡོད་གསར་འགྱུར།