རང་བྱུང་ཐོན་ཁུངས་བཟང་བའི་ཞིང་ས་རུ། ཐོན་ལས་དར་རྒྱས་དམངས་ཕྱུག་འབྲས་བཟང་གཏམས།
— བཞད་མཐོང་སྨོན་རྫོང་ཆབ་ཁ་གྲོང་རྡལ་ཆབ་ཁ་གྲོང་ཚོའི་ཆུ་ཚན་ཐོན་ལས་སྐོར་བཀོད་པ།

འདི་ནི“བཞད་གཞུང་གླང་ཆབ་སྤྲོ་སྐྱིད་ཆུ་ཚན”གྱི་སྦྱིན་བདག་རྟ་མགྲིན་ཡིན་པ།

འདི་ནི“བཞད་གཞུང་གླང་ཆབ་སྤྲོ་སྐྱིད་ཆུ་ཚན”གྱི་ནང་ཁུལ་གྱི་བཀོད་པ་ཡིན་པ།

འདི་ནི“བཞད་གཞུང་གླང་ཆབ་སྤྲོ་སྐྱིད་ཆུ་ཚན”གྱི་ནང་ཁུལ་གྱི་བཀོད་པ་ཡིན་པ།
གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་ནས་རླངས་འཁོར་ལ་བསྡད་དེ་སྣུམ་ནག་གཞུང་ལམ་བརྒྱུད་དུས་ཡུན་སྐར་མ་ཁ་ཤས་བསྐྱོད་རྗེས། གསར་འགོད་པ་དང་བཅས་པ་ཆབ་ཁ་གྲོང་རྡལ་ཆབ་ཁ་གྲོང་ཚོར་འབྱོར། དེ་གར་མིག་ལམ་དུ་མངོན་འོང་བ་ནི་མུ་ཏིག་སྟར་ལ་བརྒྱུས་འདྲའི་དམངས་སྲོལ་གནས་ཚང་རེ་རེ་དང་ཕྱོགས་བཞི་མཚམས་བརྒྱད་ལ་བསྲིངས་པའི་གྲོང་གསེབ་ཀྱི་སྣུམ་ནག་གཞུང་ལམ་དག་རེད། དེ་བས་གྲོང་ཚོའི་ཕུ་ནས་དགའ་སྤྲོའི་དགོད་སྒྲ་ལྷང་ལྷང་གྲགས། གསར་འགོད་པ་དགོད་སྒྲ་གྲགས་སའི་ཕྱོགས་སུ་བསྐྱོད་ནས་ལྟ་དུས་དེ་ནི་གྲོང་ཚོ་དེར་དམིགས་སུ་ཡོད་པའི་ཆུ་ཚན་ལ་རོལ་མཁན་སྐྱེས་ཕོ་མོ་རྒན་གཞོན་ཚོའི་ངག་ནས་ཕྱུང་བའི་སྐྱིད་སྣང་གི་དགོད་སྒྲ་རེད་འདུག
གྲོང་གསེབ་གཞུང་ལམ་བསྐྲུན། ཆུ་ཚན་ཐོན་ལས་དར།
ཡུལ་དེའི་ཆུ་ཚན་དྭངས་ལ་གཙང་བ་དང་ཆུའི་དྲོད་ཚད་63℃ལ་སླེབས་ཤིང་། ཤོད་སྲོལ་ལྟར་ན་ཟངས་དང་ཏི་ཚ་སོགས་མིའི་ལུས་ཁམས་ལ་ཕན་པའི་གཏེར་རྒྱུ་མང་པོ་འདུས་པ་དང་། ཁྱད་པར་དུ་རུས་ཆག་དང་། ཕོ་བའི་ནད། གྲུམ་བུའི་ནད་སོགས་ལ་ཤིན་ཏུ་ཕན་པོ་ཡོད་སྐད། ཡིན་ནའང་། སྔོན་ཆད་འགྲིམ་འགྲུལ་སྟབས་བདེ་མེད་པའི་རྐྱེན་གྱིས་ཁྱད་ལྡན་ཆུ་ཚན་དེ་རིགས་རེ་ཞིག་ཐོན་ལས་ཅན་དུ་འཕེལ་རྒྱས་བཏང་ཐུབ་མེད། ཕྱིས་སུ་འབྲེལ་ཡོད་སྲིད་གཞུང་ཚན་པ་ཁག་ནས་འགྲོ་སོང་ཕོན་ཆེན་བཏང་སྟེ་གྲོང་གསེབ་ཀྱི་གཞུང་ལམ་བསྐྲུན་པས། ཕྱིར་སྐྱོད་དཀའ་བ་དང་ཡུལ་ལུང་གི་དཔལ་འབྱོར་འཕེལ་རྒྱས་གཏོང་དཀའ་བའི་གྲོང་ཚོ་དེའི་དཀའ་གནད་ཐག་གཅོད་ཐུབ་པ་དང་ཆབས་ཅིག་ཆུ་ཚན་ཡུལ་སྐོར་ཐོན་ལས་ལའང་ཡངས་ཤིང་རྒྱ་ཆེ་བའི་འཕེལ་རྒྱས་ཀྱི་བར་མཐོངས་བཏོད་ཡོད།
2012ལོར་ཆབ་ཁ་གྲོང་ཚོས་ཆུ་ཚན་ལུས་གསོའི་རྣམ་གྲངས་བརྩོན་ལེན་བྱས་པ་དང་། གྲོང་ཚོའི་ཕྱུག་འགྱུར་སྣེ་ཁྲིད་པ་རྟ་མགྲིན་གྱིས་ཐོབ་པར་དཀའ་བའི་གོ་སྐབས་དེ་དམ་པོར་བཟུང་སྟེ། མ་དངུལ་སྒོར་ཁྲི་17བཏང་ནས་གྲོང་ཚོ་ཡོངས་ཀྱི་ཆུ་ཚན་ལུས་ཁྲུས་ཁང་དང་པོ་དེ་བསྐྲུན་པ་རེད། “སྐབས་དེ་དུས་ཆུ་ཚན་ཡོད་སར་སྟབས་བདེའི་ཁང་པ་ཞིག་བརྒྱབ་པ་ཡིན། གཟུགས་པོ་བཀྲུ་ས་ཐེབས་ཆག་ཅིག་ལས་མེད་ལ་གསང་སྤྱོད་ཀྱང་ལོགས་སུ་མེད”ཅེས་རྟ་མགྲིན་གྱིས་ཕྱིར་དྲན་བྱེད་བཞིན་བཤད། 2013ལོར་ཆབ་ཁ་ཆུ་ཚན་གྱི་ཐོན་ཁུངས་གསར་སྤེལ་བྱ་རྒྱུ་དེ་བཞད་མཐོང་སྨོན་རྫོང་གི་འཆར་འགོད་ནང་བཅུག་ཅིང་། སྲིད་གཞུང་གིས་མ་དངུལ་སྒོར་ཁྲི་5000ལྷག་ཙམ་བཏང་ནས་ཆབ་ཁ་ཆུ་ཚན་གྱི་ལྗོངས་རིམ་པའི་སྤྲོ་གསེང་ཁུལ་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱས། དེ་ལྟར་ཆུ་ཚན་སྤྲོ་གསེང་ཁུལ་བསྐྲུན་པ་དང་བསྟུན་ནས་ཡུལ་སྐོར་བ་མང་དུ་ཕྱིན་ཞིང་། མིག་རྒྱང་རིང་བའི་རྟ་མགྲིན་གྱིས་སླར་ཡང་གོ་སྐབས་དེ་དང་བསྟུན་ནས་མ་དངུལ་སྒོར་ཁྲི་500ཙམ་བཏང་སྟེ་སྔོན་ཆད་ཀྱི་སྟབས་བདེ་བའི་གཟུགས་པོ་བཀྲུ་ས་དེ“བཞད་གཞུང་གླང་ཆབ་སྤྲོ་སྐྱིད་ཆུ་ཚན”ཞེས་པའི་ཆུ་ཚན་དང་དམངས་སྲོལ་གནས་ཚང་གཞི་གཅིག་ཅན་གྱི་ཆུ་ཚན་རབས་གཉིས་པ་ཞིག་བཏོད་ཅིང་། དེའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་ངོས་གྲུ་2000ལྷག་ཙམ་ཟིན་པ་དང་། གསང་སྤྱོད་ལོགས་སུ་བཟོས་ལ་ཆུ་ཚན་རྒྱག་ས་དང་ཞག་སྡོད་བྱེད་སའང་ལོགས་སུ་བཟོས་ཡོད། དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་ནས་ཆུ་ཚན་དེ་ཉེ་རིང་གང་སར་སྐད་གྲགས་ཆོད་དེ་འགྲུལ་རྒྱུན་ཆད་རྒྱུ་མེད་པར་ཉིན་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1ཙམ་ཟིན་གྱི་ཡོད་པ་རེད།
སྐལ་བཟང་ཆོས་སྒྲོན་ནི་བཞད་མཐོང་སྨོན་རྫོང་བྱེ་ཆུང་ཤང་ནས་ཡིན་ཞིང་། ཁོ་མོ“བཞད་གཞུང་གླང་ཆབ་སྤྲོ་སྐྱིད་ཆུ་ཚན”དུ་ལས་ཀ་བྱས་ནས་ལོ་6ཙམ་འགྲོ་གི་ཡོད། ཁོ་མོས“ཉིན་གླ་སྒོར་140དང་ལོ་མཇུག་ཏུ་ད་དུང་བྱ་དགའི་དངུལ་ཡོད། ཆུ་ཚན་དུ་ལས་ཀ་བྱས་ནས་དབུལ་ཞྭ་ཕུད་ཐུབ་ཀྱི་རེད་སྙམ་པ་རྨི་ལམ་ལའང་གཏོང་མྱོང་མེད”ཅེས་བཤད། མི་སེར་དཀྱུས་མ་ཞིག་ཡིན་པའི་ཁོ་མོས་ད་ཆ་གཞན་དང་འདྲ་བར་ཁ་ལོ་བའི་ལག་ཁྱེར་བླངས་ཟིན་ལ་རླངས་འཁོར་ཡང་ཉོས་ནས་མི་སྨོན་རང་སྐྱིད་ཀྱི་འཚོ་བ་སྐྱེལ་བཞིན་ཡོད།
དམངས་ཕན་སྲིད་ཇུས་ལེགས། ཕྱུག་འགྱུར་ལམ་བུ་ཡངས།
2021ལོར་ཆབ་ཁ་གྲོང་ཚོའི་མཉམ་སྡེབ་ཀྱི་ཆུ་ཚན་རྣམ་གྲངས་དང་པོ་སྟེ། དུས་རབས་གསར་པའི་གྲོང་གསེབ་ཀྱི་དམངས་ཕན་ཆུ་ཚན་དངོས་སུ་སྤྱོད་འགོ་ཚུགས་པ་དང་། 2023ལོར་གྲོང་ཚོའི་མཉམ་སྡེབ་ཀྱིས་སླར་ཡང་མ་དངུལ་སྒོར་ཁྲི་600ལྷག་ཙམ་བཏང་ནས་ཆུ་ཚན་གསར་རྒྱག་བྱས་པ་དང་ཡུལ་སྐོར་སྤྲོ་གསེང་གི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ཡང་བདེ་བླག་ངང་བཙུགས་པ་རེད། “ང་ཚོས་སྔོན་ལ་དུད་ཚང་དབུལ་པོ་དང་དབང་པོ་སྐྱོན་ཅན་མ་རྐང་ནང་ཞུགས་སུ་བཅུག་ནས་དཀའ་ངལ་ཡོད་པའི་དུད་ཚང་ཚང་མར་ཆུ་ཚན་ཐོན་ལས་འཕེལ་རྒྱས་ཀྱི་ཕན་པ་ཐོབ་པར་བྱེད་ཀྱི་ཡོད”ཅེས་གྲོང་ཚོའི་ལས་བྱེད་པ་ལྷག་པས་ངོ་སྤྲོད་བྱས།
དུས་རབས་རྗེས་སུ་སྙེགས། ལས་རིགས་དར་ཞིང་རྒྱས།
2025ལོར་ཆབ་ཁ་གྲོང་ཚོས་ཡུལ་སྐོར་སྤྲོ་གསེང་གི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་སྒྱུར་བཀོད་བྱས་ནས་སྤྱོད་འགོ་བཙུགས་པས། གྲོང་ཚོའི་མཉམ་སྡེབ་ལ་ཡོང་འབབ་སྒོར་ཁྲི་20བྱུང་བ་དང་། སླར་ཡང་སྒོར་ཁྲི་600བཏང་ནས་བཞད་གཞུང་ཆབ་ཁའི་ཞིང་པའི་མཉམ་ལས་ཁང་གི་ཆུ་ཚན་གྱི་དམངས་སྲོལ་གནས་ཚང་དང་། སྤྲོ་སྐྱིད་ཁང་། ཞིམ་ཟས་ཁང་སོགས་བསྐྲུན་པ་མ་ཟད། ཚང་མར་དེང་དུས་ཀྱི་དྲོད་གཏོང་ཡོ་ཆས་དང་གསོ་རླུང་རྔུབ་ཆས་སོགས་བསྒར་ཡོད། དེང་གི་ཆར་གྲོང་ཚོའི་མཉམ་སྡེབ་ལ་འབབ་འཕར་སྒོར་ཁྲི་35ཟིན་ནས་ཆབ་ཁ་གྲོང་ཚོར་གཞི་ཁྱོན་ཅན་དང་ཁྱད་ལྡན་ཅན་གྱི་ཆུ་ཚན་ཐོན་ལས་ཀྱི་རྣམ་པ་རགས་ཙམ་ཆགས་ཡོད་པ་རེད།
“གཞུང་ལམ་ཤར་གཏོང་ཐུབ་པ་དང་ཆབས་ཅིག་ཆུ་ཚན་ཐོན་ལས་འཕེལ་རྒྱས་ཀྱི་གོ་སྐབས་ཐོབ་ནས་མི་སེར་གྱི་དངུལ་ཁུག་ལྗིད་ཏིག་ཏིག་ཆགས་ཡོད”ཅེས་ཆབ་ཁ་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧོང་ཅུན་ཅི་ཡིས་བརྗོད་པ་དང་། ཁོང་གིས། ཆབ་ཁ་གྲོང་ཚོས་ཆུ་ཚན་རྨང་གཞིར་བྱས་ཏེ་གྲོང་གསེབ་དར་རྒྱས་ཀྱི་ལམ་ཆེན་སྟེང་ཐོན་ལས་སྔར་བས་དར་རྒྱས་དང་ཡུལ་མི་དེ་བས་བདེ་སྐྱིད་ལྡན་པའི་དམིགས་ཚད་ཕྱོགས་སུ་གོམ་སྟབས་བརྟན་པོས་བསྐྱོད་དང་སྐྱོད་མུས་ཡིན་ཞེས་བཤད།
འབྲེལ་ཡོད་གསར་འགྱུར།