དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྒྱལ་ཁབ་སྒོ་མོའི་སྐྱེ་དངོས་བདེ་འཇགས་ཀྱི་འགོག་རགས་བརྟན་དུ་བཏང་བ།

    —— “ལོ་ལྔ་ཚན་བཅུ་བཞི་པའི”རིང་ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་བློ་གྲོས་ལ་བརྟེན་ནས་ལས་ཀའི་སྤུས་འབྲས་ལེགས་སུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-08

    བོད་ཀྱི་ཆ་སྙོམས་ས་བབ་སྨི་4000ལྷག་ཙམ་ཟིན་པའི་ཁར་སྐྱེ་ཁམས་མ་ལག་དམིགས་བསལ་དང་ཉམས་ཞན་ཡིན་པས་རྒྱལ་ཁབ་སྒོ་མོའི་སྐྱེ་དངོས་བདེ་འཇགས་སྔོན་འགོག་ཚོད་འཛིན་གྱི་ལས་འགན་ལྕི་པོ་ཡོད། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས“སྐྱེ་ཁམས་ཀྱི་མཐོ་ས”སྐྲུན་པའི་དམིགས་ཚད་གཏན་འཁེལ་བྱས་པ་དང“སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང”གི་ཆེད་དོན་བྱ་སྤྱོད་ལག་ལེན་བསྟར་ཏེ“གནད་སྨིན་ལྟ་འདོམས་དང་། ཚན་རིག་དང་མཐུན་པའི་འགོག་སྲུང་། ནུས་ཆེའི་ཞབས་ཞུ”བཅས་ཕྱོགས་གསུམ་ལ་མཉམ་དུ་ཤུགས་སྣོན་བརྒྱབ་ནས་ཕྱོགས་ཡོངས་ལ་ཁྱབ་པའི་སྐྱེ་ཁམས་སྲུང་སྐྱོང་གི་རྣམ་པ་གཏོད་རྒྱུར་སྐུལ་འདེད་བཏང་ཡོད། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་རྒྱལ་ཁབ་སྒོ་མོའི་སྐྱེ་དངོས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་མཐའ་གཅིག་ཏུ་བརྟན་པོ་བསྐྲུན་ཏེ་གཙོ་བོ་བློ་གྲོས་ལ་བརྟེན་ནས་ལས་ཀའི་སྤུས་འབྲས་ལེགས་སུ་གཏོང་གི་ཡོད།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་སྔ་རྗེས་སུ་འགག་སྒོ་ཁག་ཏུ་གནོད་ཡོད་སྐྱེ་དངོས་དང་ཕྱི་ནས་ཡོང་བའི་སྐྱེ་དངོས་རིགས་ཀྱི་ཐོག་མའི་གསལ་འབྱེད་ཁང་བཙུགས་པ་དང་། ལོ་ལྔའི་རིང་རིམ་རྩིས་བརྒྱབ་ན་རྒྱལ་མཚམས་ནང་ཁྱེར་མི་ཆོག་པའི་སྲོག་ཆགས་དང་རྩི་ཤིང་དང་དེའི་གྲུབ་རྫས་ཁག་ཐེངས་1800ལྷག་ཙམ་དང་ཕྱི་ནས་ཡོང་བའི་གནོད་ཡོད་སྐྱེ་དངོས་ཁག་ཐེངས་110ལྷག་ཙམ་རྩད་ཆོད་པའི་ནང་ཕྱི་ནས་ཡོང་བའི་གནོད་ཡོད་སྐྱེ་དངོས་རིགས་10ལྷག་ཙམ་རྒྱལ་ཡོངས་ཀྱི་འགག་སྒོ་ནས་རྩད་ཆོད་ཐེངས་དང་པོ་ཡིན་པ་རེད།

    ཉེ་ཆར། སློབ་ཆུང་སློབ་མ་མང་པོ་ཞིག་གིས་བོད་ལྗོངས་རང་བྱུང་ཚན་རིག་རྟེན་མཛོད་ཁང་དུ་རྒྱལ་སྒོའི་སྐྱེ་དངོས་བདེ་འཇགས་ཀྱི་ཚན་རིག་ཁྱབ་གདལ་བརྙན་ཐུང་ལ་ནན་ཏན་ལྟ་བཞིན་ཡོད། 2025ལོའི་ཟླ་10པར་རྟེན་མཛོད་ཁང་དེར“ལྷ་ས་འགག་སྒོ་ལས་ཁུངས་ཀྱི་རྒྱལ་སྒོའི་སྐྱེ་དངོས་བདེ་འཇགས་དྲིལ་བསྒྲགས་སློབ་གསོའི་རྟེན་གཞིའི”སྒོ་བྱང་བཀལ་བ་དང་། མུ་འབྲེལ་ཚན་རིག་ཁྱབ་གདལ་གྱི་བརྙན་ཐུང་བསྟན་ནས། གོ་བདེ་རྟོགས་སླའི་སྒོ་ནས་ཆེད་ལས་ཅན་གྱི་རྒྱལ་སྒོའི་སྐྱེ་དངོས་བདེ་འཇགས་ཤེས་བྱ་ངོ་སྤྲོད་དང་། དབྱིངས་ཞུགས་རྣམ་པའི་ཉམས་ལེན་ཁྲོད་དུ་རྒྱལ་སྒོའི་སྐྱེ་དངོས་བདེ་འཇགས་ཀྱི་འདུ་ཤེས་ཁྱབ་གདལ་བཏང་ཡོད།

    “རྒྱལ་སྒོའི་རལ་གྲི་རྣོན་པོ་2025”ཡི་མཉམ་འབྲེལ་བྱ་སྤྱོད་ནང་ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་སྟོངས་ལ་ཉེ་བའི་སྐྱེ་དངོས་ལྐོག་ཚོང་གི་གྱོད་གཞི་3གྱོད་དོན་ཐོ་འགོད་བྱས་ནས་ཞིབ་བཤེར་ཐག་གཅོད་བྱས་པ་དང་། ན་གིའི་སག་ལྷེབ་དང་ཙན་དན་དམར་པོ་སོགས་སྟོངས་ལ་ཉེ་བའི་རི་སྐྱེས་སྐྱེ་དངོས་དང་སྲོག་ཆགས་དང་དེའི་གྲུབ་རྫས་སྤྱི་རྒྱ་1300ལྷག་ཙམ་རྩད་ཆོད་པ་རེད།

    ཉེ་བའི་ལོ་ཤས་རིང་། སྔོ་གཟན་ནང་འདྲེན་བྱེད་པ་དེ་སྐྱེ་ཁམས་ཀྱི“རིན་ཐང་མཐོ་བ”དང“རྣམ་པ་མཛེས་པ”གཉིས་ཀར་ཕན་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཏུ་གྱུར་ཡོད། དེར་བརྟེན་ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་ནེ་པ་ལའི་སྔོ་གཟན་ཀྲུང་གོར་ནང་འདྲེན་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས། འགག་སྒོ་སྒྲོལ་བའི་ལས་ཕྱོད་རྒྱུན་མཐུད་ཆེ་རུ་བཏང་ཡོད། 2025ལོར་བོད་ཀྱི་འགག་སྒོ་ནས་སྔོ་གཟན་ཏུན་1104.3ནང་འདྲེན་བྱས་པ་དེ་དུས་མཚུངས་ལས་83.58%འཕར་བ་དང་། 2023ལོར་ནང་འདྲེན་ཁག་དང་པོ་བྱས་ཚུན། རིམ་རྩིས་བརྒྱབ་ན་ནང་འདྲེན་བྱེད་ཚད་ཏུན་1788.73ཟིན་ཡོད། སྔོ་གཟན་ནང་འདྲེན་བྱས་པ་དེས་ད་དུང་ཁྱིམ་མཚེས་རྒྱལ་ཁབ་ཀྱི་ལེགས་ཆའི་ཐོན་ཁུངས་རང་བཞིན་གྱི་ཐོན་རྫས་རབ་དང་རིམ་པ་ཀྲུང་གོར་ཕྱིར་གཏོང་བྱ་རྒྱུར་སྐུལ་ཁྲིད་ཐུབ་པ་དང་ནེ་པ་ལའི་ཀྲུང་ལུགས་སྨན་རྩྭ་ནི་དེའི་ཁྲོད་ཀྱི་མཚོན་བྱེད་རང་བཞིན་ཆེ་ཤོས་ལྡན་པའི་ཐོན་རྫས་ཀྱི་གྲས་ཤིག་རེད། 2025ལོའི་ལོ་མཇུག་བར་ཆོག་འཐུས་ཐོབ་པའི་ནེ་པ་ལའི་ཀྲུང་ལུགས་སྨན་རྩྭ་སྣ་ཁ་31བར་མང་དུ་ཕྱིན་པ་དང་། སྤྱི་ཁྱབ་ཧྲུའུ་ཡིས་ཐོ་འགོད་བྱས་པའི་ཀྲུང་ལུགས་སྨན་རྩྭའི་ཐོན་སྐྱེད་ལས་སྣོན་ཁེ་ལས་10བར་མང་དུ་ཕྱིན་ཡོད། བོད་ཀྱི་འགག་སྒོས་ནེ་པ་ལའི་ཀྲུང་ལུགས་སྨན་རྩྭ་ཏུན་459.38ནང་འདྲེན་བྱས་ཡོད་པ་རེད།

    ནང་འདྲེན་གྱིས་སྐྱེ་ཁམས་སྲུང་སྐྱོང་ལ་མཐུན་རྐྱེན་སྦྱོར་བ་དང་ཕྱིར་གཏོང་གིས་འཕེལ་རྒྱས་ཀྱི་སྒུལ་ནུས་འཕེལ་ཞིང་། རིམ་རྩིས་བརྒྱབ་ན་ལོ་ལྔའི་རིང་ལྗོངས་ཡོངས་ཀྱི་རང་ཡུལ་གྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་སོགས་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་3.14ཟིན་ཡོད། རང་ལྗོངས་ཀྱི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ལེགས་ཆ་དེ་ཁྱད་ལྡན་ཐོན་རྫས་ཕྱིར་གཏོང་བརྒྱུད་དམངས་ཕྱུག་མཐའ་དར་གྱི་ཐོན་སྐྱེད་ནུས་ཤུགས་གསར་མར་འགྱུར་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།