མང་ཚོགས་ལ་བདེ་སྐྱིད་སྐྲུན་ཆེད་འགན་འཁྲི་ཕྲག་ཏུ་འཁུར་བ།
—— རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་རིམ་སྤེལ་སྒྲིལ་གླེང་བཅུ་གཅིག་པ།
སྤྱོད་ཚུལ་ལེགས་སུ་བཏང་བས་རྣམ་པ་གསར་རྐྱང་ལ་འགྱུར། 2026ལོར་རང་སྐྱོང་ལྗོངས་ཀྱི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། ལོ་ལྔའི་རིང་། མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་དང་བློ་ཡིད་ཚིམ་ཚད་99%ཡན་རྒྱུན་འཁྱོངས་ཐུབ་ཡོད་ཅེས་བསྟན་ཡོད། ལོ་དེ་དག་ནང་མང་ཚོགས་ཚོར་དངོས་དངོས་རྗེན་རྗེན་གྱི་ཐོབ་སྣང་དང་སྐྱིད་སྣང་བྱུང་ཡོད་ལ། སྐབས་བཅུ་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བོད་ཀྱི་སྤྱི་བདེའི་ཁོངས་གཏོགས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་ཉེན་རྟོག་པ་ཚོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་གཡས་གཞོགས་གཡོན་འདེགས་བྱེད་པའི་རྒྱུགས་ལན་ཞིག་ཕུལ་ཡོད།
དམངས་ཀྱི་ཁྲོད་དུ་བསྐྱོད་དེ་མི་སེམས་གཅིག་ཏུ་སྒྲིལ།
“དེ་སྔ་ཐེམ་ཐོ་བཟོ་དགོས་ན། ཐག་རིང་པོ་སྐྱོད་དགོས་པ་མ་ཟད། དུས་ཚོད་མང་པོ་འགོར་གྱི་ཡོད། ད་ཆ་གྲོང་ཚོའི་ནང་བཟོ་ཐུབ་པས་ཧ་ཅང་སྟབས་བདེ་པོ་འདུག”ཅེས་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་གླིང་མདའ་ཤང་གྲོང་གསར་གྲོང་ཚོར་ཐེམ་ཐོ་བཟོ་མཁན་དམངས་ཕན་ཞབས་ཞུའི་ས་ཚིགས་ཀྱི་སྐོར་གླེང་སྐབས་ཡུལ་མི་བློ་བཟང་ཉི་མས་མཐེ་བོང་བསྒྲེངས་ནས་བསྔགས་བརྗོད་བྱས།
འགྱུར་ལྡོག་ནི་གསར་གཏོད་ལས་བྱུང་བ་ཞིག་ཡིན། ཉེ་བའི་ལོ་ཤས་རིང་། གླིང་མདའ་ཤང་མངགས་གཏོང་ཁང་གིས་གྲོང་གསེབ་ཏུ་ཉེན་རྟོག་པ་མི་འདང་བ་དང་ཞབས་ཞུ་རྗེས་ལུས་ཐེབས་པ་སོགས་ཀྱི་དཀའ་གནད་ལ་དམིགས་ནས་མི་དམངས་ཉེན་རྟོག་པ་གཅིག་གིས་གཅིག་འདོམས་དང་། གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་གཅིག་གིས་རུ་སྣེ་ཁྲིད་པ། གྲོང་ཚོ་རིམ་པའི་སྟོབས་ཤུགས་མང་པོ་མཉམ་ལས་བྱེད་པ་བཅས་ཀྱི“1+1+N”ཡི་ཉེན་རྟོག་ལས་དོན་གྱི་བྱེད་ཐབས་གསར་པ་བཏོན་ཡོད། གླིང་མདའ་ཤང་མངགས་གཏོང་ཁང་གི་སུའོ་ཀྲང་བསྟན་འཛིན་དབང་འདུས་ཀྱིས“ང་ཚོས་མང་ཚོགས་ཀྱི་དགོས་མཁོ་དངོས་དང་གཞི་རིམ་ཉེན་རྟོག་ལས་དོན་གྱི་དོན་དངོས་ལ་དམིགས་ནས། ཏང་འཛུགས་སྐྱོང་སྣེ་ཁྲིད་དུ་བྱས་ཏེ་ཏང་ཡོན་རྐང་འཛིན་པ་དང་གྲོང་ཚོའི་ཚོགས་ཆུང་གི་ཙུའུ་ཀྲང་སོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཁོངས་གཏོགས་ཁུལ་གྱི་སྲིད་འཛིན་གྲོང་ཚོ་ཁག་ཏུ‘གྲོང་ཚོ་གཅིག་དང་ཉེན་རྟོག་པ་གཅིག’གི་ཉེན་རྟོག་པ་དང་མང་ཚོགས་མཉམ་འགོག་རུ་ཁག་བཙུགས་པ་དང་འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་དང་། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར། ཡ་རབས་འགྲིམ་འགྲུལ་གྱི་ཁ་ཏ་བསླབ་བྱ། མེ་སྐྱོན་འཕྲལ་སྡོམ་ཐག་གཅོད། ཐོལ་བྱུང་དོན་རྐྱེན་སྔོན་ཚུད་ནས་ཐག་གཅོད་སོགས་ཀྱི་ལས་འགན་ལ་དམིགས་ནས་རྒྱུན་རྣམ་ཅན་གྱི་དངོས་སྦྱོང་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག‘གྲལ་བཤེར་དང་། ཐོ་འགོད། གོང་ཞུ། བཅོས་སྒྲིག འཚམས་ལན’བཅས་ཀྱི་དོ་དམ་ལམ་སྲོལ་དོན་འཁྱོལ་ནན་པོ་བྱས་ཏེ་མང་ཚོགས་ཀྱི་དཀའ་ངལ་དང་གནད་དོན་འཕྲལ་མར་ཐག་གཅོད་བྱེད་ཀྱི་ཡོད”ཅེས་བརྗོད་བྱུང་།
གྲོང་གསར་གྲོང་ཚོར་ཆ་མཚོན་ན། ཉེ་བའི་ལོ་ཤས་རིང་། ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ཏེ་བློ་གཅིག་སེམས་གཅིག་གིས་དམངས་ཀྱི་བསམ་འཆར་ཉན་པ་དང་དམངས་ཀྱི་སེམས་ཁྲལ་སེལ་བ་མ་ཟད། རྩ་འཛུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། འགན་འཁྲི་ཁ་གསལ། མཉམ་འགུལ་ཕན་ཆེ་བཅས་ཀྱི་གཞི་རིམ་གྱི་དུས་བདེའི་འགོག་སྲུང་འཛིང་རགས་ཧུར་ཐག་བསྐྲུན་ནས“དམངས་ཁྲོད་སྟོབས་ཤུགས”དུས་བདེའི་གྲོང་གསེབ་འཛུགས་སྐྲུན་ནང་ཞུགས་སུ་བཅུག་སྟེ་གཞི་རིམ་བཅོས་སྐྱོང་དེ“མི་དམངས་ཉེན་རྟོག་པ་གཅིག་པུས་སྒྲུབ་པ”ནས“ཕྱོགས་མང་པོས་མཉམ་དུ་སྒྲུབ་བའི”བར་གྱུར་ནས་ཉེན་རྟོག་པ་དང་མི་དམངས་བློ་སེམས་གཅིག་མཐུན་དང་། མཉམ་འགོག་མཉམ་བཅོས། ས་ཁོངས་ཧྲིལ་པོ་དུས་བདེ་བཅས་ཀྱི་གཞི་རིམ་བཅོས་སྐྱོང་བྱེད་ཐབས་གསར་པ་ཞིག་གངས་ལྗོངས་ས་མཐོར་ཁྱབ་ཡོད།
དྲ་ཐོག་ནས་འགྲོ་ལུགས་གཉེར་ཏེ་མང་ཚོགས་ལ་སྟབས་བདེ་བསྐྲུན་པ།
ཡུན་རིང་མ་སོང་གོང་། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཐོ་པ་ཤང་དུ་རླངས་འཁོར་བརྡུང་བའི་ལས་འཛོལ་ཐོན་རྗེས། མི་དམངས་ཉེན་རྟོག་པས་སུའི་འགན་ཡིན་མིན་གྱི་བརྙན་པར་དོ་བདག་གི་ལག་ཐོགས་ཁ་པར་ལ་བསྐུར་བར་སྐར་མ་10ལས་འགོར་མེད། སྔོན་མ་འགྲིམ་འགྲུལ་ཉེན་རྟོག་པས་རླངས་འཁོར་བཏང་ནས་ལས་འཛོལ་ཐོན་སར་སྐྱོད་སྐབས་དཔང་རྟགས་ལེན་པར་ཆུ་ཚོད་3འགོར་གྱི་ཡོད།
དེ་ནི་ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས“འགྲིམ་འགྲུལ་དོ་དམ་12123”དྲ་སྦྲེལ་བརྙན་ལམ་ཐག་གཅོད་ཀྱི་འགན་འཁྲི་གཏན་འཁེལ་མ་ལག་སྤྱོད་འགོ་ཚུགས་པ་ལས་ཐོབ་པ་ཞིག་ཡིན།
“དེ་སྔ་ལས་འཛོལ་ཐག་གཅོད་ཚོམས་ཆེན་དུ་ལས་འཛོལ་ཐག་གཅོད་བྱེད་པར་ཡོང་མཁན་མང་པོ་ཡོད། ད་ཆ་འགྲིམ་འགྲུལ་དོ་དམ་12123གྱི་དྲ་ལམ་ནས་གཉེར་བར་བརྟེན་ཡོང་མཁན་ཉུང་ཉུང་རེད་འདུག”ཉིང་ལག་རུ་ཁག་དེའི་ལས་འཛོལ་ཐག་གཅོད་རུ་ཆེན་གྱི་རུ་དཔོན་ཧོའུ་ཏའོ་དབྱིས་ད་ཆ་དོ་བདག་གིས་ལག་ཐོགས་ཁ་པར་བརྒྱུད་བརྙན་ལམ་སྦྲེལ་མཐུད་བྱས་ཚེ་སྐར་མ་10ཡི་ནང་སུའི་འགན་ཡིན་མིན་མཐོང་ཐུབ་པས། རྙོག་དྲ་མེད་ལ་ལས་འཛོལ་ཐོན་སར་ཆུ་ཚོད་གསུམ་བཞི་ཙམ་སྒུག་ནས་སྡོད་དགོས་མེད་ཅེས་ངོ་སྤྲོད་བྱས་བྱུང་།
བརྙན་ལམ་ནས་ཐག་གཅོད་ནི་གོམ་སྟབས་དང་པོ་ཡིན། ཆབ་མདོ་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་གྱིས་ད་དུང་སྟབས་བདེའི་ལས་སྒོ་ཁག་18ཀྱི“ལག་ཁྱེར་གཅིག་གིས་ཀུན་སྒྲུབ”དང་། འགྲིམ་འགྲུལ་ཁྲིམས་འགལ་ཐག་གཅོད། ཡིག་རྒྱུགས་སྔོན་མངགས་སོགས་རྒྱུན་དུ་གཉེར་མང་བའི་ལས་སྒོ་ཁག་36དྲ་ཐོག་ནས་གཉེར་བ་དང་། རེ་ཞུའི་དཔྱད་ཡིག་བཞི་ཉུང་དུ་བཏང་བ་དང་ཁུ་བསྡུའི་ལས་སྒོ་ཁག་7སྐར་མ་5ཡི་ནང་གཉེར་བ། རླངས་འཁོར་དོ་དམ་ལས་སྒོ་ཁག་3གཉེར་བའི་དུས་ཚོད་ཐུང་དུ་བཏང་བ་བཅས་བྱས་པས་མང་ཚོགས་ཀྱི་ལས་སྒོ་གཉེར་བའི་དུས་ཚོད་ཆ་སྙོམས་60%ཡན་ཐུང་དུ་ཕྱིན་ཡོད།
བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2025ལོར་ཆབ་མདོ་གྲོང་ཁྱེར་སྤྱི་ཚོགས་ལས་ཚབ་ས་ཚིགས་ཀྱིས་རིམ་རྩིས་བྱས་ན་ལས་སྒོ་གཉེར་ཚད་ཁྲི་2ལྷག་ཙམ་ཟིན་པ་དང་མང་ཚོགས་ཚོས་རླངས་འཁོར་ཉོ་ས་ནས་འགྲོ་ལུགས་ཚང་མ་གཉེར་ཐུབ་ཀྱི་ཡོད།
བརྙན་ལམ་ནས་ཐག་གཅོད་བྱེད་པ་ནས་དྲ་ཐོག་ནས་འགྲོ་ལུགས་གཉེར་བའི་བར་དང་དབང་ཆ་གཤམ་སྤྲོད་ནས་ཚད་གཞི་དམའ་རུ་མི་གཏོང་བའི་བར་ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཚན་རྩལ་གྱི་སྟོབས་ཤུགས་ལ་བརྟེན་ནས་མང་ཚོགས་ལ་སྟབས་བདེ་བསྐྲུན་ཡོད།
ལྷག་བསམ་རྣམ་དག་གིས་དཔུང་ཁག་གི་བྱང་ཚད་མཐོ་རུ་བཏང་བ།
གྲངས་གཞི་ལས་མངོན་པར། ལོ་ཧྲིལ་པོར་ཉེས་དོན་གྱོད་གཞི་ཐོན་ཚད་སླར་ཡང་11.3%ཆག་པ་དང་གྱོད་གཞི་རྩད་ཆོད་ཚད་78.5%ཟིན་ཡོད། གཞུང་ལམ་འགྲིམ་འགྲུལ་གྱི་ལས་འཛོལ་ཐོན་ཚད་དང་མི་ཤི་ཚད་11.5%དང་10.1%སོ་སོར་ཆག་ཡོད།
གྲངས་གཞི་དེ་དག་ལས་དུས་བདེའི་བོད་ལྗོངས་ཀྱི་རྣམ་པ་མངོན་ཞིང་། དུས་བདེ་སྲུང་སྐྱོང་བྱེད་པའི་འགག་རྩ་དེ་མི་ལ་ཐུག་ཡོད་ལ། འགན་འཁྲི་འཁུར་ཕོད་མཁན་གྱི་དཔུང་ཁག་ལའང་ཐུག་ཡོད།
བསམ་བློ་ནི་བྱ་སྤྱོད་ཀྱི་སྔོན་འགྲོ་ཡིན། ད་ལོ་ཚུན་ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས“སྲིད་དོན་ལས་རྗེས་སུའི་ཆེད་དུ་འཇོག་པ་དང་། སྲིད་དོན་ལས་རྗེས་གང་འདྲ་ཞིག་འཇོག་པ། གང་འདྲ་ཞིག་ལ་བརྟེན་ནས་སྲིད་དོན་ལས་རྗེས་འཇོག་པ”བཅས་ཆབ་སྲིད་རེས་སྐོར་གསོ་སྦྱོང་གི་བརྗོད་དོན་གཙོ་བོར་བརྩིས་ཏེ་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གི་ཏང་ཨུད་ནས་གཞི་རིམ་ཏང་ཀྲི་པུའུ་བར“གྲོས་གཞི་ཨང་དང་པོའི”ལམ་ལུགས་དོན་འཁྱོལ་ནན་པོ་བྱས་པ་མ་ཟད། རིམ་ཁག་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ཏང་གི་སློབ་ཚན་ཁྲིད་པ་དང་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲས་པས་ཏང་ཀྲི་པུའུ་ཁག་ཏུ“སློབ་སྦྱོང་ཆེན་པོ”དང་། “གྲོས་བསྡུར་ཆེན་པོ” “མཐོར་འདེགས་ཆེན་པོ”བཅས་ཀྱི་ཚ་རླབས་ཤིག་འཕྱུར་ཡོད།
བསམ་བློའི་གནད་དོན་ཐག་གཅོད་ཐུབ་ནས་སྤྱོད་ཚུལ་ལེགས་སུ་ཕྱིན་ཡོད།
ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ཏང་ཨུད་ཀྱིས་སྐོར་ཞིབ་བཅོས་སྒྲིག་དམ་འཛིན་བྱ་གཞིར་བྱས་ཏེ་ལན་སྤྲོད་གནད་དོན་ཐད་རྩིས་ཐོ་རྣམ་པའི་དོ་དམ་ལག་བསྟར་བྱས་པར་བརྟེན་བཅོས་སྒྲིག་བྱེད་ཚད་98.33%ཟིན་ཡོད།
སྤྱི་བདེ་ཐིང་ཏང་ཨུད་ཚན་ཁག་གི་ཁོངས་མིས་སྣེ་ཁྲིད་དེ་བཅོས་སྒྲིག་དམ་འཛིན་དང་། ཁྲིད་སྟོན། ཞིབ་བཤེར། བཀོད་གཏོང་བཅས་ཐེངས་80ལྷག་ཙམ་བྱས་པ་དང“གནད་དོན་གཅིག་ལ་བཅོས་སྒྲིག་བྱེད་ཐབས་ཆ་ཚང་གཅིག”བཟོས་ཏེ་ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་སྐོར་ཞིབ་བཅོས་སྒྲིག་དེ་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་དང་། ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བ། དཔུང་ཁག་དོ་དམ་ནན་པོ་བཅས་དང་ཟུང་འབྲེལ་བྱས་ཡོད།
མིག་སྔའི་བར། ལོ་ཧྲིལ་པོར་ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་མཉམ་སྡེབ་215དང་མི་སྒེར་2819ལ་གཟེངས་བསྟོད་བྱས་པ་དང་མཉམ་སྡེབ་17དང་མི་སྒེར་34ལ་རྒྱལ་ཁབ་པུའུ་ཨུད་ཀྱི་གཟེངས་བསྟོད་ཐོབ་ཡོད།
སྤྱོད་ཚུལ་ལེགས་པ་དང་དཔུང་ཁག་སྟོབས་དང་ལྡན་ན་དུས་བདེ་འགན་ལེན་བྱེད་ཐུབ། ལྗོངས་ཡོངས་ཀྱི་རྒྱ་ཆེའི་སྤྱི་བདེ་ལས་བྱེད་ཉེན་རྟོག་པ་ཚོས་ཏན་ཏན་ཏིག་ཏིག་གི་བྱ་སྤྱོད་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་གཡས་གཞོགས་གཡོན་འདེགས་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།