དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བོད་ཀྱི་ལས་ཞུགས་རྣམ་གསར་མི་སྣའི་ལས་རིགས་གནོད་འཚེ་འགན་སྲུང་ལག་བསྟར་བྱ་ཐབས་ཟླ་7ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-08

    ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་མི་སྤྱི་ཐིང་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་7ཚེས་1ཉིན་ནས་བཟུང《བོད་རང་སྐྱོང་ལྗོངས་ཀྱི་ལས་ཞུགས་རྣམ་གསར་མི་སྣའི་ལས་རིགས་གནོད་འཚེ་འགན་སྲུང་ལག་བསྟར་བྱ་ཐབས》(གཤམ་དུ《བྱ་ཐབས》ཞེས་བསྡུ་རྒྱུ)དངོས་སུ་ལག་ལེན་བསྟར་རྒྱུ་ཡིན་ཞིང་། འགན་སྲུང་ཁྱབ་ཁོངས་ནང་ཕྱིར་སྐྱོད་དང་། འཕྲལ་མར་སྡེབ་སྐྱེལ། གྲོང་གཅིག་ཟོག་འདྲེན་བཅས་ལས་རིགས་ཆེན་པོ་གསུམ་ཚུད་རྒྱུ་ཡིན་ཞིང་། དེ་དག་མོས་འདེམས་དང་། ཏིར་ཏིར་གླ་འཁོར། ཧྲུན་ཧྥུང་སོགས་ལས་སྟེགས་ཁེ་ལས་བཅུ་ལྷག་ཙམ་དང་འབྲེལ་བ་ཡོད་པ་རེད། འགན་སྲུང་གྲོན་དངུལ་དེ་དག་ཚང་མ་ལས་སྟེགས་ཁེ་ལས་ཀྱིས་འགན་འཁུར་དགོས་པ་ལས། ངལ་རྩོལ་པ་མི་སྒེར་གྱིས་གྲོན་དངུལ་སྤྲོད་མི་དགོས་པར“ཁུར་པོ་མེད་པའི”འགན་བཅོལ་ནང་ཞུགས་རྒྱུ་ཡོད་པ་རེད།

    《བྱ་ཐབས》ནང་ཁ་གསལ་བསྟན་དོན། ལས་སྟེགས་ཁེ་ལས་ཀྱིས་གཏན་འབེབས་ལྟར་ལས་རིགས་གནོད་འཚེའི་འགན་སྲུང་གྲོན་དངུལ་དུས་ཐོག་དང་གྲངས་ཚང་ངང་མ་སྤྲད་པར་ལས་རིགས་གནོད་འཚེ་འགན་སྲུང་གི་གྲོན་དངུལ་མཚམས་ཆད་པའམ་ཡང་ན་གྲོན་དངུལ་ཆད་པའི་རིང་། ལས་ཞུགས་རྣམ་པ་གསར་པའི་མི་སྣར་ལས་རིགས་ཀྱི་གནོད་འཚེ་ཕོག་ཚེ་དེའི་སྨན་བཅོས་ཐོབ་ཐང་དང་། རྨས་སྐྱོན་གྱི་ཐོབ་ཐང་། རྐྱེན་ལམ་དུ་ཤོར་བའི་ཐོབ་ཐང་སོགས་ཚང་མ་ལས་སྟེགས་ཁེ་ལས་ཀྱིས་འགན་འཁུར་དགོས་པ་མ་ཟད། སྤྱི་ཚོགས་འགན་བཅོལ་གྱི་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཐག་གཅོད་བྱེད་རྒྱུ་ཡིན་པ་རེད།

    འགན་སྲུང་ཐོབ་ཐང་ཐད། ལས་ཞུགས་རྣམ་པ་གསར་པའི་མི་སྣའི་ལས་རིགས་གནོད་འཚེའི་འགན་སྲུང་ནང་སྨན་བཅོས་བདེ་ཐང་སླར་གསོ་དང་། རྨས་སྐྱོན་ཁ་གསབ། འདས་པོའི་གོད་གསོ་བཅས་རིགས་ཆེན་པོ་གསུམ་ཚུད་ཡོད། དེའི་ནང་འགན་སྲུང་ཐེབས་རྩས་སྨན་བཅོས་གྲོན་དངུལ་ཆ་ཚང་གཏོང་རྒྱུ་དང་ངལ་རྩོལ་པས་སྨན་བཅོས་བྱེད་རིང་འཚོ་བའི་འགན་སྲུང་གྲོན་དངུལ་ལོངས་སྤྱོད་བྱེད་ཆོག རྨས་སྐྱོན་གྱི་ཐོབ་ཐང་རིམ་པ་1ནས་10བར་ལྟར་རིམ་པ་དབྱེ་ནས་སྤྲོད་རྒྱུ་ཡིན་པ་དང་རྨས་སྐྱོན་ཕོག་ཚད་རིམ་པ་1ནས་4བར་གྱི་མི་སྣས་རྨས་སྐྱོན་གྱི་ཁ་གསབ་ལེན་ཆོག འདས་པོའི་ཐོབ་ཐང་ནང་སྤྲོད་གཅིག་མའི་གསབ་དངུལ(ཚད་གཞི་ནི་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱི་ལྡབ་20ཡིན་པ)དང་དེ་བཞིན་རྗེས་འཇུག་ཁ་གསབ་རོགས་དངུལ་དང་བསྙེན་བཀུར་བྱ་ཡུལ་གཉེན་ཉེའི་འཆི་གོད་གུན་གསབ་རོགས་དངུལ་བཅས་ཚུད་ཡོད་པ་རེད།

    དེ་དང་དུས་མཚུངས། སྲིད་ཇུས་ཀྱིས་ཕན་ཆེ་དང་སྟབས་བདེའི“མཐེབ་གཅིག་གྱོད་དོན་སྙན་སེང་ཞུ་བའི”ལམ་སྲོལ་ལག་ལེན་བསྟར་རྒྱུ་ཡིན་པ་རེད། ལས་སྟེགས་ཁེ་ལས་ཀྱིས་རང་འགུལ་ངང་རྒྱུན་གཏན་མིན་པའི་མངགས་ཐོ་ངོས་འཛིན་དབྱེ་འབྱེད་བྱེད་པ་དང་འབྲེལ་གྱོད་དོན་སྙན་སེང་ཞུ་བ་དང་། ངལ་རྩོལ་པས་ཀྱང་ལས་འཛོལ་ཐོན་རྗེས་ཀྱི་ལས་ཀའི་ཉིན་30ཡི་ནང་ཚུན་དུ་ཐད་ཀར་གཏན་འཁེལ་རེ་ཞུ་འབུལ་ཆོག དོན་དངོས་ཁ་གསལ་བའི་གྱོད་དོན་ལས་ཀའི་ཉིན་7གྱི་ནང་ཚུན་དུ་ཐག་གཅོད་བྱེད་ཆོག སྤྱིར་བཏང་གི་གྱོད་དོན་ལས་ཀའི་ཉིན་30ཡི་ནང་ཚུན་དུ་མཇུག་བསྡོམས་རྒྱག་གི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།