དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • བློ་སེམས་གཅིག་མཐུན་གྱིས་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན།

    —— རིན་སྤུངས་རྫོང་བྱེ་བ་ཤང་ཕུ་སྣ་གྲོང་ཚོས་ལོ་20ཡི་རིང་མི་རིགས་མཐུན་སྒྲིལ་དར་རྒྱས་ཀྱི་ལམ་བུ་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-08

    ལོ་20ཡི་གོང་འདིར་ཡར་ཀླུང་གཙང་པོའི་ངོགས་དང་རྒྱལ་ལམ་318འགྲམ་གྱི་ཐང་རྒོད་ཡིན་པ་དང་། ད་ཆ་དེ་གར་འགྲོ་ལམ་རྒྱ་ཆེ་ལ་གཙང་སྦྲ་དོད་པ་དང་། ཁང་པ་གྲལ་སྟར་འགྲིག་པ། ལྷན་སྦྱར་སྒྲིག་བཀོད་ཆ་ཚང་བ་བཅས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་ཤིག་ཏུ་གྱུར་ཡོད།

    2004ལོར་རིན་སྤུངས་ཟམ་ཆེན་དུ་རླངས་འཁོར་ཤར་གཏོང་ཐུབ་རྗེས། གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་བྱེ་བ་ཤང་ཕུ་སྣ་གྲོང་ཚོའི་ས་བབ་ཁྱད་ཆོས་མངོན་གསལ་དོད་དུ་ཕྱིན་པ་དང་། 2006ལོར་ཡུལ་མི་ཁག་དང་པོ་སྟེ། རིན་སྤུངས་རྫོང་གི་ཤང་8དང་གྲོང་རྡལ་1གི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དུད་ཚང་དག་དེ་གར་སྤོས་པ་རེད།

    ཕུ་སྣ་གྲོང་ཚོ་ཐོག་མར་དེར་གཞིས་ཆགས་སྐབས་རྨོ་ཞིང་དང་། རྩྭ་ར། ཕྱུགས་རིགས་བཅས་མེད་པ་དང་། ཡུལ་མིའི་ཐོན་སྐྱེད་རྒྱུ་ཆ་ཚང་མ་དེ་སྔའི་སྡོད་གནས་སུ་ལུས་ཡོད་པས། ཉེ་རིང་གང་སར་སྐད་གྲགས་ཆོད་པའི“ཁོག་སྟོང་གྲོང་ཚོ”ཞིག་ཡིན་ཞིང་། 2008ལོར་ཕུ་སྣ་གྲོང་ཚོའི་ཏང་ཀྲི་པུའུ་སྐབས་དང་པོ་བཙུགས་པ་དང་། དེ་རྗེས་སྐབས་དྲུག་གི་ཚན་ཁག་གིས་མཉམ་དུ་སྔ་རྗེས་སུ་གནས་སྤོ་བྱས་པའི་རྒྱ་རིགས་དང་། བོད་རིགས། ཧུད་རིགས། དབྱིས་རིགས་སོགས་མི་རིགས་ཁག་གི་མང་ཚོགས་ཀྱི་སྣེ་ཁྲིད་དེ་སྡོང་ཕྲུག་འཛུགས་པ་དང་། ནོར་རྡོ་སྒྲུག་པ། སོ་ཕག་རྒྱག་པ་བཅས་ནས་འགོ་བཙུགས་ཏེ་གོམ་པ་རེ་རེ་བཞིན“གྲོང་ཚོ་གཅིག་ལ་ཐོན་ལས་མང་བ་དང་། གྲོང་ཚོ་མཉམ་འབྲེལ་མཉམ་འཛུགས”ཀྱི་ཐུན་མོང་ཕྱུག་འགྱུར་གྱི་ལམ་བུ་ཞིག་བཏོད་ཡོད།

    ཕུ་སྣ་གྲོང་ཚོའི་འཕེལ་རྒྱས་ནི་སྔོ་ཚལ་དྲོད་ཁང་ཆེ་མོ་ནས་འགོ་བཙུགས་ཤིང་། ཡུལ་གཞན་དུ་གནས་སྤོས་མང་ཚོགས་ཀྱི་སྣེ་ཁྲིད་དེ་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱ་ཆེད། སྲིད་གཞུང་གིས་དྲོད་ཁང་ཆེ་མོ་20བསྐྲུན་པ་དང་། དྲོད་ཁང་ཆེ་མོ་འགན་གཙང་ལེན་མཁན་དང་པོ་ནི་ཞུས་ཝུན་ཅུན་དང་དབྱངས་སྒྲོན་བཟའ་ཚང་རེད།

    2006ལོར་སི་ཁྲོན་ཏ་དབྱི་རྫོང་ནས་ཡིན་པའི་ཞུས་ཝུན་ཅུན་གྱིས་རང་ཉིད་ཀྱི་ནང་མི་ཁྲིད་དེ་བོད་རིགས་བཟའ་ཟླ་གཡང་སྒྲོན་གྱི་ཕ་ཡུལ་རིན་སྤུངས་རྫོང་ཕུ་སྣ་གྲོང་ཚོར་ཡོང་ནས་གཞིས་ཆགས་ཀྱི་འཚོ་བ་སྐྱེལ་འགོ་ཚུགས་ཤིང་། ཚལ་འདེབས་ཀྱི་ཉམས་མྱོང་བཟང་བའི་ཞུས་ཝུན་ཅུན་གྱིས་དྲོད་ཁང་ཆེ་མོ་གསུམ་འགན་གཙང་བླངས་པ་རེད། དྲོད་ཁང་ནང་ས་སོབ་སོབ་བཟོ་བ་དང་། སོན་འདེབས་པ། ཆུ་དང་ལུད་རྒྱག་པ་སོགས་ཀྱི་སྔོ་ཚལ་འདེབས་གསོའི་ལས་ཀར་ཡུལ་མི་ཚོ་ཡ་མཚན་ཆེན་པོ་སྐྱེ་ཡི་ཡོད་ཅིང་། དྲོད་ཁང་ནང་ཡང་སེ་ཡོང་སྟེ་ཞུས་ཝུན་ཅུན་གྱི་ས་ནས་ཚལ་འདེབས་སྟངས་སྦྱོང་གི་ཡོད། ཞུས་ཝུན་ཅུན་གྱིས་ཀྱང་སྒེར་སེམས་མེད་པར་མང་ཚོགས་མི་ཉུང་བ་ཞིག་ལ་ཚལ་འདེབས་སྟངས་བསླབས་ཤིང་། སུར་པན་དང་། ཧོང་ཀྭ། ཧྲང་ཧའེ་ཆིང་སོགས་སྔོ་ཚལ་བཏབ་ནས་རང་ཁ་རང་གསོ་ཐུབ་པ་མ་ཟད། ད་དུང་ཕྱིར་བཙོངས་ནས་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་2ལྷག་ཙམ་བྱུང་སྟེ་ཕུ་སྣ་གྲོང་ཚོའི་འཕེལ་རྒྱས་བྱུང་སྔ་ཤོས་ཀྱི་ཐོན་ལས་ཀྱི་གྲས་ཤིག་ཏུ་གྱུར་ཡོད།

    “མི་རིགས་གང་ཞིག་ཡིན་རུང་ཚང་མ་ཁྱིམ་ཚང་གཅིག་གི་མི་ཡིན་པས། སུ་ལ་དཀའ་ངལ་འཕྲད་ཚེ་ཚང་མས་ཕན་ཚུན་རོགས་རམ་དང་ཕན་ཚུན་རྒྱབ་སྐྱོར་བྱེད་ཀྱི་ཡོད། དུས་རྒྱུན་དུ་ཕན་ཚུན་ལྟ་རྟོག་བྱེད་ཀྱི་ཡོད་པས་གཞི་ནས་ཚང་མའི་བརྩེ་བ་ཟབ་ཏུ་ཕྱིན་ཏེ་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་སྐྱིད་པ་ཡོད”ཅེས་པའི་ཞུས་ཝུན་ཅུན་གྱི་སྐད་ཆ་དེ་ལས་ཕུ་སྣ་གྲོང་ཚོའི་འཕེལ་རྒྱས་ཀྱི་མན་ངག་སྟེ་ཕུ་སྣའི་བུ་ཕྲུག་ཁྱིམ་ཚང་གཅིག་ལྟར་བརྩེ། བདེ་སྐྱིད་ཁྱིམ་གཞིས་བློ་སེམས་གཅིག་མཐུན་གྱིས་མཉམ་དུ་བསྐྲུན་ཡོད།

    ད་ཆ་བོད་ཕག་གསོ་ཚགས་དང་། དྲོད་ཁང་ཆེ་མོ། སོ་ཕག་བཟོ་གྲྭ་སོགས་ཀྱི་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་དེ་སྔའི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཧ་ལམ་མེད་པའི་གྲོང་ཚོ་དབུལ་པོ་དེ་མིང་དོན་མཚུངས་པའི“ཐོན་ལས་གྲོང་ཚོར”གྱུར་ཡོད།

    གཞན་ལ་འབྲེལ་འདྲིས་མེད་པར་རང་སོ་སོས་འབད་བརྩོན་བྱེད་པའི་འཕེལ་རྒྱས་ཐད་ཀྱི་འཇུར་མིག་སེལ་ཆེད། ཕུ་སྣ་གྲོང་ཚོས་ད་དུང་གྲོང་ཚོ་མཉམ་འབྲེལ་མཉམ་སྐྲུན་གྱི་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་གསར་པར་བསྐྱོད་ཡོད།

    རྒྱལ་ལམ་318ལམ་འགྲམ་གྱི་བྱེ་བ་ཤང་ཞིང་དར་དམངས་ཕན་སྒོ་རྩིས་ཚོང་ཁང་དུ་སྐྱོད་སྐབས། སྒོ་འགྲམ་གྱི་མངོན་གསལ་དོད་སར་བྱེ་བ་ཤང་གི་ཁྱད་ལྡན་ཐོན་རྫས་སྒྲིག་གཤོམ་བྱས་ཡོད་ཅིང་། དེའི་ནང་སྤོས་དང་། སྦྲང་རྩི། ནས་ཆང་སོགས་དམིགས་བསལ་ཁྱད་ཆོས་ལྡན་པའི་ཐོན་རྫས་ཡོད། “བྱེ་བ་ཤང་གི་གྲོང་ཚོ་ཚང་མར་རང་ཉིད་ཀྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཡོད་མོད། འོན་ཀྱང་གཅིག་གྱུར་ཕྱིར་ཚོང་བྱེད་ས་མེད་པས་འཚོང་ཐུབ་ཀྱི་མེད། ང་ཚོས་གྲོང་ཚོ་གཞན་དག་དང་མཉམ་འབྲེལ་བྱས་ཏེ་ཤང་སྲིད་གཞུང་གི་ཡུན་རིང་བེད་མེད་དུ་ལུས་པའི་ཁྲོམ་གཞུང་རྒྱུད་དུ་སྒོ་རྩིས་ཚོང་ཁང་ཞིག་བཙུགས་པ་ལས་ཉེ་འཁོར་གྱི་ཡུལ་མི་དང་འགྲོ་འོང་བྱེད་མཁན་ཡུལ་སྐོར་བའི་དངོས་ཟོག་ཉོ་སྒྲུབ་ཀྱི་དགོས་མཁོ་སྐོང་ཐུབ་ལ། ཞིང་ལས་ཐོན་རྫས་ཕྱིར་ཚོང་གི་ཐབས་ལམ་ཡང་རྒྱ་ཆེར་ཕྱིན་ཡོད”ཅེས་ཕུ་སྣ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ལྷག་པ་ཚེ་རིང་གིས་ངོ་སྤྲོད་བྱས་ཤིང་། ཁོང་གིས་2022ལོར་སྒོ་རྩིས་ཚོང་ཁང་གཉེར་སྐྱོང་བྱས་པ་ནས་ད་བར་ཡོང་འབབ་ཁེ་གཙང་སྒོར་ཁྲི་20བྱུང་བ་དང་། རིམ་རྩིས་བརྒྱབ་ན་ཁེ་སྤོགས་སྒོར་ཁྲི་45བགོས་པ། གྲོང་ཚོ་ཁག་གི་མཉམ་ལས་ཁང་ལ་ཞིང་ལས་ཐོན་རྫས་འཚོང་རོགས་བྱས་ནས་ཁེ་སྤོགས་སྒོར་ཁྲི་100ལྷག་ཙམ་བྱུང་ཡོད་ཅེས་བཤད།

    ལོ་20ཡི་རིང་ཐང་རྒོད་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སུ་གྱུར་ནས། ཕུ་སྣ་གྲོང་ཚོའི་མི་རིགས་མཐུན་སྒྲིལ་གྱི་ཞིང་ས་གཤིན་པོར་ཐོན་ལས་དར་རྒྱས་བྱུང་ནས་ཡུལ་མི་ཚོ་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱི་བདེ་སྐྱིད་དང་ལྡན།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།