དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་ཆུ་འགོའི་གླིང་ཁུལ།

    ཁྲིམས་སྒྱུར་ནན་ཤོས་ནི་སྲུང་སྐྱོང་ཡག་ཤོས་ཡིན།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཅང་མོང་།   |     སྤེལ་དུས།  2026-04-07

    འདི་ནི་ཆོས་དབྱིངས་ཚེ་རིང(གཡས་ཀྱི་བཞི་པ)གིས་ལས་དོན་པ་དང་མཉམ་དུ་སྐོར་ཞིབ་ལམ་ཐིག་སྐོར་ལ་གྲོས་བསྡུར་བྱེད་བཞིན་པ།

    རྒྱལ་ཁབ་སྤྱི་གླིང་ས་ཁོངས་སུ་སྐྱེ་ཁམས་མ་ལག་ཉར་ཚགས་ཆ་ཚང་བ་དང་འཐུས་ཚབ་རང་བཞིན་ཆེ་ཞིང་། ལྟེ་བའི་ཐོན་ཁུངས་གཅིག་སྡུད་དུ་ཁྱབ་པའམ་ཡང་ན་སྐྱེ་ཁམས་ཉམས་ཞན་ཐད་སོར་ཆུད་སྐྱེ་འཕེལ་ཡོང་དགོས་པའི་ས་ཁོངས་ཉིད་ལྟེ་བའི་སྲུང་སྐྱོང་ཁུལ་དུ་དབྱེ་བ་དང་། ལྟེ་བའི་སྲུང་སྐྱོང་ཁུལ་ཕུད་པའི་ས་ཁོངས་ནི་སྤྱིར་བཏང་གི་ཚོད་འཛིན་ཁུལ་དུ་དབྱེ་དགོས།

    ——《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་སྐོར་གྱི་ཁྲིམས་གཞུང》ལས་བཏུས།

    ཟླ་4པར། མཚོ་སྔོན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་སྟོད་རྫོང་གི་ཝ་གཞོང་མཚོ་གོང་མའི་སྐྱ་ཐིང་ཐིང་གི་སྤང་ལྗོངས་སུ་བསིལ་རླུང་དལ་བུར་ལྡང་བ་ན་གྲང་འཁྱག་གི་སྣང་བ་ཞིག་སྦྱིན་ཡོང་། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་ཆུ་འགོའི་གླིང་ཁུལ་དོ་དམ་ཨུ་ལྷན་སྐྱེ་ཁམས་སྲུང་སྐྱོང་ས་ཚིཌ་ཀྱི་ཀྲན་ཀྲང་ཧན་ཁྲང་ཕེང་གིས་མར་བསྒུར་ནས་རྩྭ་ཕྲན་་ལ་རེག་ནས་སྔོ་ཁེབས་སྐྱེ་འཚར་གྱི་གནས་ཚུལ་ལ་ལྟ་ཞིབ་བྱས་པ་རེད།

    གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་རྨ་ཆུའི་ཆུ་འགོའི་གླིང་ཁུལ་ལ་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་1.91ཡོད་པ་དང་། ས་ཁོངས་སུ་མཚོ་སྐྱ་རེངས་སྔོ་རེངས་དང་ཝ་གཞོང་མཚོ་གོང་མ་ཡིས་མཚོན་པའི་ས་མཐོའི་མཚོ་དང་མཚེའུ་5000ལྷག་ཙམ་ཡོད་ཅིང་། སྐྱེ་ཁམས་སྲུང་སྐྱོང་ས་ཚིགས་ཀྱིས་འཆར་ཅན་གྱི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་བྱས་ནས་ཚན་རིག་དང་མཐུན་པའི་ཉམས་གསོར་གཞི་འཛིན་ས་བརྟན་པོ་མཁོ་འདོན་བྱས་ཡོད། “རྨ་ཆུའི་ཆུ་འགོའི་གླིང་ཁུལ་གྱི་ས་ཁོངས་90%ཡན་ང་ཚོའི་ཁོངས་གཏོཌ་ཁུལ་དུ་ཡོད། ས་ཆ་ཧ་ཅང་སྐྱོད་དཀའ་རུང་། སྐྱེ་ཁམས་སྲུང་སྐྱོང་ས་ཚིཌ་ཀྱི་ལས་དོན་པས་དུས་བཀག་ལྟར་ལྟ་ཞིབ་ཚད་ལེན་བྱེད་ཀྱི་ཡོད”ཅེས་ཧན་ཁྲང་ཕེང་གིས་བཤད།

    གཙང་གསུམ་ཆུ་འགོའི་ས་ཁུལ་ནི་ས་རྒྱ་ཆེ་ལ་མི་འབོར་ཉུང་བ་དང་གནམ་གཤིས་ཞན་པས། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པར་འབྲོག་པ་མང་ཚོགས་ཀྱི་མཉམ་སྐྲུན་མཉམ་སྐྱོད་དང་ཁ་འབྲལ་ཐབས་མེད། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གིས“དུད་ཚང་རེར་ལས་གནས་རེ”ཡི་སྐྱེ་ཁམས་དོ་དམ་སྲུང་སྐྱོང་གི་སྤྱི་ཕན་ལས་གནས་ལམ་སྲོལ་ཁྱབ་གདལ་བཏང་སྟེ་འབྲོག་པ་ཁྲི་2ལྷག་ཙམ་ལག་ཁྱེར་བཟུང་ནས་ལས་གནས་སུ་ཞུགས་ཡོད། ཧན་ཁྲང་ཕེང་གིས“འབྲོག་པ་རྣམས་རང་ཡུལ་གྱི་རང་བྱུང་ཁོར་ཡུག་དང་འཕྲོད་པ་སྟེ། སྐོར་གཡེང་སྲུང་སྐྱོང་བྱེད་ཐུབ་ལ་པར་བརྒྱབ་ནས་ཆེད་ལས་མི་སྣར་དཔྱད་ཡིག་མཁོ་འདོན་ཡང་བྱེད་ཐུབ་པས། མིང་དོན་མཚུངས་པའི་རང་སའི་རིགས་གཅིག་མཁས་ཅན་ཞིག་རེད”ཅེས་བཤད། རྨ་སྟོད་རྫོང་རྨ་ཆུ་ཤང་ཐང་དཀར་མ་གྲོང་ཚོའི་སྐྱེ་ཁམས་དོ་དམ་སྲུང་སྐྱོང་པ་སྤེ་སྤེ་ཡིས་འཛུམ་དམུལ་དམུལ་ངང“ཕ་ཡུལ་ལ་རང་གི་ནུས་པས་སྲི་ཞུ་སྒྲུབ་ཐུབ་པ་མ་ཟད། ལོ་ལྟར་ཁ་གསབ་རོགས་དངུལ་སྒོར་ཁྲི་2ལྷག་ཙམ་ལེན་རྒྱུ་ཡོད་པས་ཧ་ཅང་སྐྱིད་པོ་འདུག”ཅེས་བཤད།

    ལོ་མང་པོའི་རིང་བཅོས་སྐྱོང་དང་སླར་གསོ་བྱས་པ་བརྒྱུད་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་ཆུ་འགོའི་གླིང་ཁུལ་གྱི་ཆུ་རྩ་གསོ་འཁྱོངས་ནུས་པ་ལོ་རེ་བཞིན་ཆེ་རུ་ཕྱིན་པ་དང་། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གནས་ཡུལ་ལའང་སྲུང་སྐྱོང་གང་ལེགས་ཐུབ་ཅིང་། སྐྱེ་ཁམས་ཀྱི་གནས་སྟངས་རྒྱུན་མཐུད་ལེགས་སུ་སོང་ནས་སྐྱེ་ཁམས་ཀྱི་བྱེད་ནུས་ལེགས་སུ་བརྟན་པོ་ཕྱིན་ཡོད་པ་རེད།

    “དེ་སྔ་ཁྲིམས་སྒྱུར་ནི་ཡོངས་སུ་ཁྱབ་ཐུབ་མེད་པས‘སྲུང་སྐྱོང་ནན་ཤོས’དངོས་སུ་དོན་འཁྱོལ་བྱེད་ཁག་པོ་ཡོད”ཅེས་རྨ་ཆུའི་ཆུ་འགོའི་གླིང་ཁུལ་དོ་དམ་ཨུ་ལྷན་ཐོན་ཁུངས་ཁོར་ཡུག་ཁྲིམས་སྒྱུར་ཅུས་ཀྱི་ཅུས་ཀྲང་ཆོས་དབྱིངས་ཚེ་རིང་གིས་དྲང་པོར་བཤད། 2016ལོར་ཚོད་ལྟ་བྱེད་འགོ་ཚུགས་རྗེས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དུ་སྡེ་ཚན་ཆེན་པོའི་ལམ་ལུགས་སྒྱུར་བཅོས་བྱས་ནས་ནགས་ལས་དང་། རྒྱལ་ཁབ་ས་ཆ། ཁོར་ཡུག་སྲུང་སྐྱོང་། ཆུ་བེད། ཞིང་འབྲོག་སོགས་སྡེ་ཚན་གྱི་སྐྱེ་ཁམས་སྲུང་སྐྱོང་དོ་དམ་དང་ཁྲིམས་སྒྱུར་འགན་འཁྲི་བསྡུ་སྒྲིལ་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་དང་རང་བྱུང་ཐོན་ཁུངས་དོ་དམ་ཅུས་དང་ཐོན་ཁུངས་ཁོར་ཡུག་ཁྲིམས་སྒྱུར་ཅུས་བཙུཌ་ནས་ཁྲིམས་སྒྱུར་ལས་ཕྱོད་སྔར་བས་ཆེ་རུ་བཏང་བ་རེད།

    “གོམ་སྟབས་རྗེས་མར། ང་ཚོས་ཁྲིམས་གཞུང་དྲིལ་བསྒྲགས་དང་ཁྱབ་གདལ་གྱི་ལས་དོན་ཡག་པོ་བསྒྲུབས་ཏེ་དྲིལ་བསྒྲགས་བརྡ་སྦྱོར་བཟོ་བ་དང་གཙོ་གནད་དབྱེ་ཞིབ་བྱས་ནས་ཁྲིམས་གཞུང་དུད་ཚང་མང་པོར་ཁྱབ་ཏུ་འཇུག་རྒྱུ་ཡིན། ང་ཚོས་དག་གཙང་གི་ཡུལ་ལུང་འདི་སྲུང་སྐྱོང་ཡག་པོ་བྱས་ནས་རྨ་ཆུའི་ཆུ་འགོ་སྔར་བས་ཇེ་ལེགས་ནས་ཇེ་ལེགས་སུ་གཏོང་རྒྱུ་ཡིན”ཞེས་ཆོས་དབྱིངས་ཚེ་རིང་གིས་བརྗོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།