སྲུང་སྐྱོང་ལ་བརྟེན་ནས་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་ནམ་ཡང་རྒྱུན་འཛིན་བྱེད་དགོས།
“དཔའ་བོ་ནི་མི་རིགས་ཀྱི་སྒལ་ཚིགས་ལྟ་བུ་ཡིན་ལ། ཁྱེད་ཚོ་ནི་སྒལ་ཚིགས་སྲུང་མཁན་རེད”ཉེ་ཆར། དཔའ་བོ་ལིའུ་ཡན་པིན་གྱི་གཅུང་པོས་བོད་ལྗོངས་མངའ་རིས་སེང་གེ་ཁ་འབབ་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་ལ་བསྐུར་བའི་ཐུགས་རྗེའི་ཞུ་འཕྲིན་དེས་མཐའ་ཡས་པའི་གངས་ལྗོངས་ས་མཐོ་བརྒྱུད་དེ་སྔོན་གཤེགས་དཔའ་བོར་རྗེས་དྲན་ཟབ་མོ་དང་སྲུང་སྐྱོང་པར་བླ་ན་མེད་པའི་གུས་འདུད་མཚོན་པར་བྱས་ཡོད། དེ་ལས་བརྗོད་གཞི་ཟབ་མོ་ཞིག་མངོན་པ་སྟེ། དཔའ་བོའི་བང་སོའི་སྐྱེད་ཚལ་དང་གསར་བརྗེའི་རིག་དངོས་སོགས་སྔོན་གཤེགས་དཔའ་བོ་དང་འབྲེལ་བའི་རིག་གནས་ཤུལ་བཞག་ནི་མི་རིགས་སྙིང་སྟོབས་ཀྱི་གཞི་རྟེན་གལ་ཆེན་ཞིག་ཡིན་པས་སྙིང་སྟོབས་ཀྱི་མཆོག་ནོར་འདི་ཚོ་ཡག་པོ་སྲུང་དགོས་པ་དང་། མི་རིགས་ཀྱི་རྩ་བ་དང་བླ་སྲོག་བསྲུངས་ཏེ་དུས་རབས་གསར་པར་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་གཅིག་ལ་གཅིག་འཛིན་དང་མ་ཉམས་གོང་འཕེལ་གཏོང་དགོས་པ་དེ་རེད།
སྔོན་གཤེགས་དཔའ་བོ་གཤེགས་ཟིན་ནའང་། སྙིང་སྟོབས་ཡུན་ནས་ཡུན་དུ་གནས་ཡོད། དེ་སྔ་དགེ་རྒན་གྱི་ལས་ལ་གཞོལ་བའི་དཔའ་བོ་ལིའུ་ཡན་པིན་གྱིས་རྒྱལ་ཁབ་དང་མི་དམངས་ལ་ལྷག་བསམ་རྣམ་དག་བཅངས་ཏེ་བློ་ཐག་ཆོད་པོས་མཐའ་མཚམས་འཛུགས་སྐྲུན་ལ་ཞུགས་ནས་གཞོན་དུས་ཀྱི་ལང་ཚོའི་ཚེ་སྲོག་ནམ་ཡང་གངས་ལྗོངས་ས་མཐོར་སྐྱེས་སུ་ཕུལ་ཡོད། ལོ་ཟླའི་འགྱུར་བ་དང་ས་ཐག་རིང་བའི་རྐྱེན་གྱིས་ཁོང་གི་མཛད་རྗེས་ཤེས་མཁན་མེད་པ་དང་དུས་ཡུན་རིང་པོར་པུར་འཇུག་ཀྱང་ཡག་པོ་བྱུང་མེད། དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་སྡེ་ཚན་དང་གསལ་འདོམས་ཚོད་ལྟ་ཁང་གི་ལས་དོན་པ། བང་སོའི་སྐྱེད་ཚལ་སྲུང་མཁན་བཅས་ཀྱིས་མངའ་རིས་ཀྱི་མྱ་ངམ་ཐང་དང་ཕྱོགས་གང་སར་རྩད་ཞིབ་བྱེད་པར་བསྐྱོད་དེ་ཚན་རིག་ལ་བརྟེན་ནས་མི་ཁུངས་ར་སྤྲོད་བྱས་པ་དང་སྙིང་རུས་ལ་བརྟེན་ནས་སྔོན་གཤེགས་དཔའ་བོ་དང་གཉེན་ཉེར་མཉམ་འཛོམས་ཀྱི་སྦྲེལ་ཟམ་བསྐྲུན་ཡོད། 2025ལོའི་ཟླ་8ཚེས་3ཉིན། ལིའུ་ཡན་པིན་ཚུད་པའི་དཔའ་བོ་8ཀྱི་པུར་རུས་སེང་གེ་ཁ་འབབ་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་པུར་འཇུག་དང་སྒམ་ཞིང་ནན་པའི་འདས་མཆོད་བྱས་ནས་ལྷག་བསམ་དག་པའི་རྣམ་ཤེས་ལ་སེམས་གསོ་གཏོང་བ་དང་། མི་རྣམས་ཀྱི་དྲན་པའི་ངོས་ནས་ཡལ་བའི་དཔའ་བོའི་བག་ཆགས་བསྐྱར་དུ་མངོན་པར་བྱས་ཏེ་མི་རིགས་ཀྱིས་དཔའ་བོར་རྗེས་དྲན་དང་གུས་བཀུར་ཞུ་ལུགས་མཚོན་པར་བྱས་ཡོད།
དཔའ་བོའི་བང་སོའི་སྐྱེད་ཚལ་ནི་མི་རིགས་ཀྱི་ལོ་རྒྱུས་བཀོད་པ་དང་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་རྒྱུན་འཛིན་བྱེད་པའི་རིག་གནས་ཤུལ་བཞག་དམིགས་བསལ་ཅན་ཞིག་རེད་ལ། སྔོན་གཤེགས་དཔའ་བོར་རྗེས་དྲན་དང་སེམས་ཁམས་གསོ་སའི་གནས་མཆོག་ཅིག་ཀྱང་རེད།
གལ་ཏེ་དཔའ་བོའི་བང་སོའི་སྐྱེད་ཚལ་ནི་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་ཀྱི་གནས་ཚད་ཅིག་རེད་ཅེས་བརྗོད་ན། གསར་བརྗེའི་རིག་དངོས་ནི་གསོན་ཉམས་དོད་པའི་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་ཀྱི་གསལ་འགྲེལ་ཞིག་ཡིན། དེ་ནི་བསྐྱར་སྐྱེ་མི་ཐུབ་ལ་ཚབ་བྱེད་ཐབས་བྲལ་བའི་རིག་གནས་ཤུལ་བཞག་རྩ་ཆེན་ཞིག་ཀྱང་རེད་ཅེས་བརྗོད་ཆོག ས་གནས་ཁག་གི་རྟེན་མཛོད་ཁང་དང་དྲན་གསོ་ཁང་དུ། ལོ་ཟླའི་ཚོད་བགམ་བརྒྱུད་པའི་གསར་བརྗེའི་རིག་དངོས་རེ་རེ་ལས་སྔོན་གཤེགས་དཔའ་བོ་ཚོའི་བློ་བརྟན་འགྱུར་མེད་ཀྱི་དད་སེམས་དང་འགན་འཁྲི་འཁུར་སེམས་མ་བརྗོད་རང་གསལ་ཡིན། དམག་གོས་ཧྲལ་ཧྲུལ་ཞིག་ལ་དམག་འཁྲུག་གི་དུ་ཞགས་དང་ཁྲག་ཤུལ་འགོས་པ་དང་། ཤོག་བུ་སེར་པོར་གྱུར་པའི་འཕྲིན་ཡིག་ཅིག་གི་ཡིག་འབྲུ་རེ་རེ་ལས་རྒྱལ་ཞེན་གྱི་བརྩེ་བ་མངོན་པ། བཙའ་བརྒྱབ་པའི་གོ་མཚོན་ཞིག་ལས་དགྲ་སྟོབས་ལ་མི་སྐྲག་པར་རང་སྲོག་བློས་གཏོང་གི་དཔའ་ཉམས་མངོན་པ་སོགས་དེ་དག་ཚང་མ་ཀྲུང་ཧྭ་མི་རིགས་ཀྱི་བསམ་པའི་ཉིང་བཅུད་རེད། དེ་གར་ཅེ་རེར་བལྟས་ཚེ། དུས་དང་བར་སྟོང་ལས་བརྒལ་ཏེ་དམག་འཁྲུག་གི་མེ་ལྕེ་འུར་འུར་དུ་འབར་བའི་ལོ་རབས་སུ་སླེབས་ནས་སྔོན་གཤེགས་དཔའ་བོ་ཚོས་རྒྱལ་ཁབ་ཀྱི་རང་བཙན་དང་མི་རིགས་ཀྱི་བཅིངས་འགྲོལ་ཆེད་དུ་མགོ་བོ་དོར་ཞིང་ཁྲག་དམར་བཏོན་པའི་དཔའ་ཉམས་ལྡན་པའི་བྱ་སྤྱོད་མིག་ལམ་དུ་མངོན། “འགྱུར་རྡོ་གསོན་པོ”ལྟ་བུའི་རིག་དངོས་འདི་དག་ལས་རྗེས་རབས་པ་ཚོས་རྗེས་དྲན་བྱེད་ཀྱིན་ཤུལ་འཛིན་དང་མྱོང་ལེན་བྱེད་ཀྱིན་འབད་འབུངས་བྱས་ཏེ་གསར་བརྗེའི་གཞི་རྒྱུ་མི་རིགས་ཀྱི་ཁྲག་རྒྱུན་ལ་འདྲེས་པར་བྱས་ནས་ང་ཚོ་མདུན་སྐྱོད་བྱེད་པར་ལྕག་སྐུལ་བྱེད་པའི་བསམ་པའི་རྒྱུ་ནོར་རྩ་ཆེན་དུ་འགྱུར་བར་བྱེད་ཀྱི་ཡོད།
ལོ་12བསྟུད་མར། རྒྱལ་ཁབ་ཀྱི་མིང་ཐོག་ནས་ཧན་གོར་ཡོད་པའི་ཀྲུང་གོ་མི་དམངས་དང་བླངས་དམག་གི་དཔའ་བོའི་པུར་རུས་རྒྱལ་ནང་དུ་པུར་འཇུག་བྱས་པ་དེ་ནི་སྔོན་གཤེགས་དཔའ་བོའི་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་རྒྱུན་འཛིན་བྱེད་པའི་ལག་ལེན་གསོན་ཉམས་དོད་པོ་ཞིག་ཏུ་གྱུར་ཡོད་ལ། དམངས་ཡོངས་ཞུགས་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ཞིག་དེ་བས་ཀྱང་རེད།
2014ལོ་ནས་ད་བར་རིམ་རྩིས་བརྒྱབ་ན་ཧན་གོར་ཡོད་པའི་ཀྲུང་གོ་མི་དམངས་དང་བླངས་དམག་གི་དཔའ་བོ་1011གི་པུར་རུས་ཧྲེན་དབྱང་གི་ཨ་འགོག་ཁྲའོ་རོགས་ཀྱི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་པུར་འཇུག་བྱས་ཤིང་། སྔོན་གཤེགས་དཔའ་བོའི་པུར་རུས་བླུགས་པའི་ཆེད་སྤྱོད་གནམ་གྲུ་དལ་གྱིས་བབས་པ་དང་། གུས་དམག་ཚོས་སྒམ་བརླིང་ལྡན་པའི་གོམ་སྟབས་དང་བསྟུན་ནས་པུར་སྒམ་སྲུང་སྐྱེལ་བྱེད་པ། གནམ་ཐང་དུ“ཆུ་སྒོ་འཛུལ་བའི”གུས་ལུགས་ཟབ་ཤོས་ཀྱི་ཐོག་ནས་སྔོན་གཤེགས་དཔའ་བོ་ཚོར་བསུ་བ་ཞུ་བ་བཅས་བྱེད་སྐབས་ཀྲུང་ཧྭའི་བུ་ཕྲུག་ཚང་མའི་སེམས་སུ་རྒྱལ་ཞེན་བརྩེ་བ་དང་མི་རིགས་ཀྱི་སྤོབས་པ་རྒྱ་མཚོའི་རླབས་ལྟར་འཕྱུར། བྱེད་ཐབས་དེས་དམངས་ཡོངས་ཀྱི་རྒྱལ་གཅེས་ཀྱི་སྤྲོ་སེམས་འཕེལ་བར་བྱས་ཤིང་མི་རིགས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་དེ་དུས་རབས་གསར་པར་སྐྱེ་སྟོབས་ཀྱི་དཔལ་འབར་བར་བྱས་ཡོད་ལ། མི་དེ་བས་མང་བར་ད་ཆའི་སྐྱིད་པའི་ལོ་ཟླ་ནི་སྔོན་གཤེགས་དཔའ་བོ་གྲངས་ལས་འདས་པས་ཚེ་སྲོག་བློས་སུ་བཏང་བ་ལས་བྱུང་བ་ཞིག་ཡིན་པ་ཤེས་པར་བྱས་ཡོད།
དཔའ་བོའི་གཟུགས་བརྙན་རྒྱང་དུ་བཞུད། སྙིང་སྟོབས་འོད་ཟེར་བསྐལ་བརྒྱར་འཕྲོས། སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དང་གསར་བརྗེའི་རིག་དངོས་སོགས་སྔོན་གཤེགས་དཔའ་བོའི་འབྲེལ་ཡོད་རིག་གནས་ཤུལ་བཞག་ནི་ལོ་རྒྱུས་དང་འབྱུང་འགྱུར་སྦྲེལ་མཐུད་བྱེད་པའི་བསམ་པའི་སྦྲེལ་ཟམ་ལྟ་བུ་ཡིན་ལ། མི་རིགས་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་བསམ་པའི་སྒུལ་ཤུགས་ཤིག་ཀྱང་ཡིན། དུས་རབས་གསར་པའི་རྒྱང་ལམ་གསར་པར་ང་ཚོས་གུས་སྐྲག་གི་བསམ་པ་བཅངས་ནས་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད་པ་དང་ལྷག་བསམ་ཟོལ་མེད་ཀྱིས་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ། དཔའ་བོའི་བྱས་རྗེས་ལོ་རྒྱུས་དེབ་ཐེར་ཐོག་ནམ་ཡང་འཁོད་ཐུབ་པ་དང་དུས་རབས་གསར་པར་དེ་བས་བཀྲག་མདངས་འཚེར་བར་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།