དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ང་ཚོར་འཐུང་ཆུ་གཙང་མ་གཞི་ནས་འཐུང་རྒྱུ་བྱུང་སོང”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཀྲེང་ཞང་།   |     སྤེལ་དུས།  2026-04-07

    ཙམ་པབ་ཝེའི་རྒྱལ་ས་ཧ་ར་རེ་ཡི་མཱ་ལིན་པ་སྤྱི་གླིང་དུ་གནས་པའི་གྲོང་ཁྱེར་དོ་དམ་ལས་དོན་སློབ་ཆུང་དུ། ལུས་རྩལ་སློབ་ཚན་གྲོལ་མ་ཐག་པའི་སློབ་མ་ཚོ་འཚང་ཁ་ཤིག་ཤིག་ངང་ཆུ་ཀ་ལ་ཡོད་སར་ཆུ་འཐུང་བར་བརྒྱུགས་པ་དང་། ལོ་རིམ་ལྔ་པའི་སློབ་མ་ཐ་ཧྥ་ཙེ་ཝ་ཡིས་ཆུ་ཤེལ་དམ་གང་བླངས་ནས་འཕྲལ་མར་བཏུངས་པ་རེད། “སྔོན་ཆད་ཆུ་འཐུང་བར་ཡིན་གཅིག་སློབ་གྲྭའི་ཕྱིའི་ཐག་རིང་སར་འགྲོ་དགོས་ཀྱང་། ད་ཆ་སློབ་གྲྭར་ཁྲོན་པ་དྲུས་ཡོད་པས་ང་ཚོར་འཐུང་ཆུ་གཙང་མ་གཞི་ནས་འཐུང་རྒྱུ་བྱུང་སོང”ཞེས་བཤད།

    མཱ་ལིན་པ་སྤྱི་གླིང་དུ་ཡོད་པའི་གྲོང་ཁྱེར་དོ་དམ་ལས་དོན་སློབ་ཆུང་གི་ཁྲོན་པ་ནི“ཀྲུང་གོ་དང་ཙམ་པབ་ཝེ་དབར་གྱི་མཛའ་གྲོཌ་ཁྲོན་པའི”རྣམ་གྲངས་ཧ་ར་རེར་ལག་ལེན་བསྟར་བའི་གྲུབ་འབྲས་གསར་ཤོས་ཡིན་པ་དང་། དེས་སློབ་གྲྭ་ཡོངས་ཀྱི་དགེ་སློབ་1500ལྷག་ཙམ་ལ་འཐུང་ཆུ་ལེན་དཀའ་བའི་དཀའ་ངལ་བསལ་ཡོད། 2023ལོར་ཙམ་པབ་ཝེ་ཡི་ཀྲུང་ཙམ་སྤེལ་རེས་ལྟེ་གནས་ཀྱིས་རྣམ་གྲངས་དེ་ལག་ལེན་བསྟར་འགོ་བརྩམས་ནས་ཙམ་པབ་ཝེའི་ཐག་རིང་ལུང་ཁུག་དང་ཆུ་དཀོན་པའི་ས་ཁུལ་ལ་འཐུང་ཆུ་གཙང་མ་རྒྱུན་ཆད་མེད་པར་ལེན་རྒྱུ་ཡོང་བར་བྱས་ཡོད།

    “ཀྲུང་གོ་དང་ཙམ་པབ་ཝེ་དབར་གྱི་མཛའ་གྲོགས་ཁྲོན་པའི”རྣམ་གྲངས་ཀྱི་འགན་འཁུར་བ་ཨོ་ཐེར་.ཁྲ་ནཱ་ཁ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་རིམ་རྩིས་བརྒྱབ་ན། རྣམ་གྲངས་དེ་ལག་ལེན་བསྟར་རྗེས་ཁྲོན་པ་8དྲུས་པ་ལས་དམངས་ཚོགས་ཁྲི་3ལ་ཐད་ཀར་ཕན་པ་ཐོབ་ཡོད།

    ཁྲ་ནཱ་ཁ་ཡིས་གསར་འགོད་པར། ང་རང་དེ་སྔ་ཀྲུང་གོའི་ཅང་སུའུ་སློབ་ཆེན་དུ་སློབ་སྦྱོང་ལོ་མང་པོ་བྱེད་མྱོང་ཞེས་བཤད་བྱུང་། ཁོང་གིས་ཀྲུང་གོར་ཆུ་མཁོ་འདོན་དང་ཆུ་དྭངས་གསིང་བྱེད་པའི་གཞི་གཅིག་ཅན་གྱི་ལག་རྩལ་དང་སྒྲིག་ཆས་ཡག་པོ་ཡོད་ཚུལ་ལ་རྒྱུས་ལོན་བྱུང་རྗེས། རང་རྒྱལ་ཁབ་ཏུ་ལོག་ནས་ཁོ་ཚོ་སྤུན་ཟླ་ཚོའི་འཚོ་བར་འགྱུར་ལྡོག་གཏོང་བའི་ཆོད་སེམས་བཅངས། “ང་སློབ་གྲྭ་ནས་ཐོན་རྗེས་ཆུའི་ཐོན་ཁུངས་ཀྱི་འབྲེལ་ཡོད་ལས་དོན་ནང་ཞུགས་པ་ཡིན། ང་ལ་བསམ་འདུན་ཞིག་ཡོད་པ་ནི་ཙམ་པབ་ཝེའི་དམངས་ཚོགས་ལ་འཐུང་ཆུ་གཙང་མ་ཞིག་བཏུང་རྒྱུ་ཡོང་བར་བྱ་རྒྱུ་དེ་ཡིན”ཞེས་ཁྲ་ནཱ་ཁ་ཡིས་བཤད།

    “ཅང་སུའུ་ཡི་གྲོང་གསེབ་ས་ཆ་མང་པོར་བརྟག་ཞིབ་བྱས་པའི་ཉམས་མྱོང་ལས་ཀྲུང་གོའི་འཕེལ་རྒྱས་ཀྱིས་སྔོན་ཐོན་གྱི་ལག་རྩལ་དག་ཆ་ལག་ཚང་བའི་སྒོ་ནས་དམངས་འཚོ་ལེགས་སུ་གཏོང་བའི་ནུས་པར་འགྱུར་བར་མཐོང་ཆེན་པོ་བྱེད་ཚུལ་ངས་ཤེས་རྟོགས་བྱུང་། འཕེལ་རྒྱས་གཏོང་བར་ཕུགས་ལ་གཞི་ཚུགས་པ་དང་དམངས་ཀྱི་གསོན་ཤུགས་འཕེལ་བར་བྱས་ཚེ‘རང་བརྟེན་གྱི་ནུས་པ’རྒྱུན་ཆད་མེད་པར་ཆགས་ཐུབ་ངེས་རེད”ཅེས་ཁྲ་ནཱ་ཁ་ཡིས་བརྗོད་ཅིང་། ཁོང་གིས“‘ཀྲུང་གོ་དང་ཙམ་པབ་ཝེ་དབར་གྱི་མཛའ་གྲོགས་ཁྲོན་པའི’རྣམ་གྲངས་དེ་ཆུ་འགོ་གཙང་མ་ཡོང་བར་བྱེད་པ་ནས་འགོ་བརྩམས་ཏེ། ཙམ་པབ་ཝེའི་དམངས་ཚོགས་ཀྱི་འཕྲོད་བསྟེན་ཆ་རྐྱེན་རིམ་བཞིན་ལེགས་གཏོང་དང་སློབ་གྲྭའི་ཞིང་འདེབས་ལ་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། ཆུ་གྲོན་ཆུང་གི་འདུ་ཤེས་ཀྱང་སྐྱེད་སྲིང་ཐུབ་རྒྱུའི་རེ་བ་ཡོད”ཅེས་བཤད།

    ལོ་10ལྷག་ཙམ་རིང་། ཀྲུང་གོ་ཕྱོགས་ཀྱིས་ཙམ་པབ་ཝེར་གསོར་ཁྲོན་1000ལྷག་ཙམ་དྲུས་པ་དེ་དག་གིས་ཙམ་པབ་ཝེའི་དམངས་ཚོགས་ཁྲི་40ལྷག་ཙམ་ལ་འཐུང་ཆུ་གཙང་མ་ལེན་པར་ཕན་པ་བྱུང་ཡོད། ཙམ་པབ་ཝེའི་རྨང་གཞིའི་སློབ་གསོ་པུའི་སློབ་འབྲིང་སིའི་སི་ཀྲང་ཨེན་ཀན་ཏི་ཉི་ཡིས། ཀྲུང་གོས་གསར་དུ་སྐྲུན་རོགས་བྱས་པའི“ཀྲུང་གོ་དང་ཙམ་པབ་ཝེ་དབར་གྱི་མཛའ་གྲོགས་ཁྲོན་པའི”རྣམ་གྲངས་ཀྱིས་ས་གནས་དེ་གའི་དགེ་སློབ་ཀྱི་འཐུང་ཆུའི་དཀའ་ངལ་བསལ་བ་ལས་ཙམ་པབ་ཝེ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཟབ་མོར་བདེན་དཔང་ཐུབ་ཡོད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།