དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • མཚོ་ཁུག་དང་དབུས་ཤར་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སླར་གསོ་བྱ་རྒྱུའི་སྐོར་གྱི་ཀྲུང་ཕའི་གྲོས་འགོར་ཨ་ཧྥེ་རི་ཁའི་མནའ་འབྲེལ་གྱི་དགའ་བསུ་ཐོབ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-04-07

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨེ་ཏི་སི་ཨ་པ་པ་ནས་ཟླ་4ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཚེས་3ཉིན། ཨ་ཧྥེ་རི་ཁའི་མནའ་འབྲེལ་ཨུ་ལྷན་གྱིས་གསལ་བསྒྲགས་སྤེལ་ནས་ཀྲུང་གོ་དང་ཕ་ཁི་སི་ཐན་གྱིས་བཏོན་པའི་མཚོ་ཁུག་དང་དབུས་ཤར་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སླར་གསོ་བྱ་རྒྱུའི་སྐོར་གྱི་གྲོས་འགོ་ཁག་ལྔར་དགའ་བསུ་ཞུས་པ་རེད།

    ཨ་ཧྥེ་རི་ཁའི་མནའ་འབྲེལ་ཨུ་ལྷན་གྱི་ཀྲུའུ་ཞི་ཡིའུ་སུའུ་ཧྥུའུ་ཡིས་གསལ་བསྒྲགས་ནང་བསྟན་དོན། གྲོས་འགོ་དེས་ས་ཁུལ་གྱི་ཛ་དྲག་དུས་བབ་ཞི་ལྷོད་དུ་གཏོང་བ་དང་ཆབ་སྲིད་དང་ཕྱི་འབྲེལ་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་དུས་ཐོག་དང་དགེ་མཚན་ལྡན་པའི་ལེགས་སྐྱེལ་ཕུལ་ཡོད། གྲོས་འགོའི་ནང་དགྲ་ཡའི་བྱེད་སྤྱོད་འཕྲལ་མར་སྤེལ་མཚམས་འཇོག་པ་དང་། མི་སེར་ལ་སྲུང་སྐྱོང་བྱེད་པ། རྒྱལ་སྤྱིའི་མི་ཆོས་བཅའ་ཁྲིམས་ལ་བརྩི་སྲུང་ཞུ་བ། མཚོ་ཐོག་གི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ་བཅས་ལས་མིག་སྔའི་ཉམས་ཉེན་ལ་མཁོ་བའི་འགག་རྩའི་རྒྱུ་རྐྱེན་ལ་དོ་དམ་ཚོད་འཛིན་བྱེད་ལུགས་མཚོན་ཡོད།

    ཡིའུ་སུའུ་ཧྥུའུ་ཡིས་དེ་དང་ཆབས་ཅིག་ཏུ་མཚོ་ཁུག་དང་དབུས་ཤར་ས་ཁུལ་གྱི་དུས་བབ་མུ་མཐུད་ཛ་དྲག་ཏུ་འགྲོ་བར“སེམས་ཁྲལ་ཆེན་པོ་བྱེད་ལུགས”བསྐྱར་བསྒྲགས་བྱས་ཡོད། ཁོང་གིས་ངོས་འཛིན་བྱས་དོན། གདོང་ཐུག་གི་ཤུགས་རྐྱེན་གོ་ལ་ཧྲིལ་པོར་ཐེབས་པ་སྟེ། ནུས་རྒྱུའི་མཁོ་སྤྲོད་འཁོར་འབྲེལ་དང་། འབྲུ་རིགས་མ་ལག དཔལ་འབྱོར་བརྟན་ལྷིང་སོགས་ཀྱི་ཁྱབ་ཁོངས་ཚུད་ཅིང་། ལྷག་པར་དུ་ཨ་ཧྥེ་རི་ཁ་ནི་འགྲན་སློང་སྣ་མང་འཕྲད་པའི་སྐམ་ས་ཆེན་པོ་ཞིག་ཡིན་པས་དེར་ཤུགས་རྐྱེན་ཆེན་པོ་ཐེབས་རྒྱུ་རེད།

    ཡིའུ་སུའུ་ཧྥུའུ་ཡིས་གདོང་ཐུག་བྱུང་བའི་ཕྱོགས་ཁག་གིས་བཟོད་བསྲན་བྱས་ནས་དུས་བབ་གང་མགྱོགས་ཞི་ལྷོད་དུ་འགྲོ་བ་དང་ཆབས་ཅིག མུ་མཐུད་འབྲེལ་གཏུག་རྒྱུན་འཁྱོངས་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད། ཕྱོགས་ཁག་གིས་ངེས་པར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་དང་རྒྱལ་སྤྱིའི་བཅའ་ཁྲིམས་ལྟར་བྱ་སྤྱོད་སྤེལ་ཏེ། རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོང་བྱེད་དགོས་པའི་ནན་བཤད་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།