དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་ཁུར་བའི་ཁོ་ལོམ་པི་ཡའི་ས་ངོས་འོད་ཤུགས་རྣམ་གྲངས་ཆེ་གྲས་ཁག་3གྱིས་ས་གནས་དེ་གའི་མང་ཚོགས་ཀྱི་འཚོ་བར་འགྱུར་ལྡོག་ཆེན་པོ་བཏང་བ།

    “གྲོང་ཁྱེར་ཇེ་མཛེས་སུ་འགྲོ་བ་མཐོང་སྐབས་དངོས་གནས་དགའ་ཚོར་ཆེན་པོ་སྐྱེ་གི་འདུག”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཞེ་ཅ་ཉིང་།   |     སྤེལ་དུས།  2026-04-07

    འདི་ནི་ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཆུ་གློག་ཅུས་བཅུ་གཅིག་པས་སྐྲུན་འགན་ཁུར་བའི་ཁོ་ལོམ་པི་ཡའི་ཨའེ་སི་ཁོ་པ་ལེ་སིའི་འོད་ཤུགས་རྣམ་གྲངས་ཡིན་པ།

    2025ལོའི་ལོ་མཇུག་ཏུ། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པས(གཤམ་དུ“ཀྲུང་གོ་གློག་ཤུགས་འཛུགས་སྐྲུན” ཞེས་བསྡུ་རྒྱུ)ཁོ་ལོམ་པི་ཡར་སྐྲུན་འགན་ཁུར་བའི་པཱ་ལ་ནུའོ་ཨའི་དུས་ཐེངས་གསུམ་པ་དང་། ཀྭ་ཡེ་པོའི་དུས་ཐེངས་གསུམ་པ། ཨའེ་སི་ཁོ་པ་ལེ་སི་བཅས་ས་ངོས་ཀྱི་འོད་ཤུགས་རྣམ་གྲངས་ཆེ་གྲས་ཁག་3ཚང་མ་དྲ་སྦྲེལ་ཐུབ་ནས་གློག་གཏོང་འགོ་ཚུགས་ཡོད། རྣམ་གྲངས་ཁག་3གྱི་གློག་འདོན་འཕྲུལ་འཁོར་ཨ་མའི་གློག་འདོན་ཚད་ཀྲའོ་ཝ་260ཟིན་པ་དང་ལོར་ཆ་སྙོམས་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་5.2ཙམ་ཟིན་ནས། ཁོ་ལོམ་པི་ཡའི་ཁྱིམ་ཚང་ཁྲི་35ལྷག་ཙམ་གྱི་གློག་སྤྱོད་དགོས་མཁོ་སྐོང་ཐུབ་པ་དང་ལོ་ལྟར་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་42ཙམ་ཉུང་དུ་འགྲོ་གི་ཡོད།

    ཁོ་ལོམ་པི་ཡའི་གྲོང་ཁྱེར་འབྲིང་ཆུང་དུ་གནས་པའི་འོད་ཤུགས་གློག་ཁང་ཁག་3གྱིས་ས་གནས་དེ་གའི་འཕེལ་རྒྱས་ལ་སྒུལ་ཤུགས་དེ་བས་མང་བ་སྣོན་བཞིན་ཡོད། ཉིན་ཤས་གོང་། གསར་འགོད་པས་ས་གནས་ས་ཐོག་ཏུ་བཅར་འདྲི་བྱས་པ་བརྒྱུད། འོད་ཤུགས་གློག་ཁང་ཁག་3གྱིས་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོན་པའི་ཕན་འབྲས་དང་མང་ཚོགས་ཀྱི་འཚོ་བར་བྱུང་བའི་དགེ་མཚན་ལྡན་པའི་འགྱུར་ལྡོག་ལ་བདེན་དཔང་བྱས་ཡོད། 2024ལོར་ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཆུ་གློག་ཅུས་བཅུ་གཅིག་པས་སྐྲུན་འགན་ཁུར་བའི་པཱ་ལ་ནུའོ་ཨའི་དུས་ཐེངས་གསུམ་པའི་འོད་ཤུགས་རྣམ་གྲངས་སྐྲུན་འགོ་ཚུགས་པ་རེད། རྣམ་གྲངས་ཀྱི་འགན་འཁུར་བ་ལེང་མིང་ཧྭ་ཡིས། བཟོ་སྐྲུན་ཆེ་མོ་བ་དང་། ལག་རྩལ་བཟོ་པ། སྲིད་འཛིན་མི་སྣ། ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་མི་སྣ། སྡེ་ཁུལ་གྱི་མཐུན་སྦྱོར་བ་སོགས་ཀྱི་ལས་གནས་འབོར་ཆེན་དུ་མི་སྣ་ནང་འདྲེན་བྱས་པ་དང་བསྟུན་ནས། པཱ་ལ་ནུའོ་ཨའི་ངལ་རྩོལ་ཁྲོམ་ར་འཁྲུག་ཆ་དོད་དུ་ཕྱིན་ཡོད་ཅེས་བཤད། བསྡོམས་རྩིས་བྱས་པར་གཞིགས་ན། རྣམ་གྲངས་ཁོངས་སུ་ས་གནས་དེ་གའི་མི་སྣ་བསྡུ་ཚད་98%ལས་བརྒལ་བ་དང་རིམ་རྩིས་བརྒྱབ་ན་ལས་ཞུགས་ལས་གནས་500ལྷག་ཙམ་བཏོད་ཡོད། “ལོ་ཤས་གོང་། གཞོན་ནུ་མང་ཆེ་བ་ཕྱིར་གླ་པ་རྒྱུག་པར་ཕྱིན་པས་གྲོང་ཁྱེར་ནང་སྤྱིར་ན་མི་མཐོང་རྒྱུ་མེད། ད་ཆ་གཞོན་ནུ་མི་ཉུང་བ་ཞིག་རང་ཁྱིམ་གྱི་སྒོ་རྩ་ནས་ལས་ཀ་རྙེད་པས་རྣམ་གྲངས་ཀྱིས་ས་གནས་དེ་གར་འགྱུར་ལྡོག་ཆེན་པོ་བཏང་ཡོད”ཅེས་པཱ་ལ་ནུའོ་ཨའི་དུས་ཐེངས་གསུམ་པའི་འོད་ཤུགས་རྣམ་གྲངས་ཁོ་ལོམ་པི་ཡ་ཕྱོགས་ཀྱི་ཅིང་ལི་ཁ་ལོ་སི·པེ་ལུའེ་ཡིས་བཤད།

    ཕ་ཡུལ་དུ་སྡོད་རྒྱུ་གདམ་ག་བྱེད་པ་ནི་ལུའུ་དབྱི་སི·ཨའེ་ཏེ་ཧྭ་ཏུའོ་ཡི་ངོས་ནས་བརྗོད་ན་ལས་རིགས་ཀྱི་འཆར་འགོད་ཅིག་ཡིན་པ་མ་ཟད། མི་ཚེའི་ལམ་བུའི་འགྱུར་ལྡོག་ཅིག་ཀྱང་རེད། ལུའུ་སི་རྣམ་གྲངས་ཀྱི་ལས་བཟོར་ཞབས་ཞུ་མཁོ་འདོན་བྱེད་པའི་སྐྱེལ་འདྲེན་ཀུང་སིར་ལས་ཀ་བྱེད་བཞིན་ཡོད། སྐྱེལ་འདྲེན་ཀུང་སིའི་ལས་བཟོ་ཚང་མ་ས་གནས་དེ་གའི་མི་རེད། ཁོང་གིས“ངའི་འགྲམ་དུ་རྣམ་གྲངས་དེའི་ནང་ལས་ཀ་བྱེད་མཁན་གྲོགས་པོ་ཡོད་ལ། ང་དང་འདྲ་བར་གཞན་བརྒྱུད་ཀྱི་ཕན་པ་ཐོབ་མཁན་ཡང་ཡོད། ཁྱིམ་གྱི་སྒོ་རྩ་ནས་ལས་ཀ་བརྟན་པོ་ཞིག་རག་པས་ཁྱིམ་ཚང་མང་པོར་རེ་བ་གསར་པ་སྦྱིན་ཡོད”ཅེས་བཤད།

    “རྣམ་གྲངས་ལས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་གྲོང་ཁྱེར་འཕེལ་རྒྱས་ཀྱི་རྣམ་པར་འགྱུར་ལྡོག་ཕྱིན་ཡོད”ཅེས་པཱ་ལ་ནུའོ་ཨ་གྲོང་ཁྱེར་འཆར་འགོད་དང་རྨང་གཞིའི་སྒྲིག་བཀོད་ཀྱི་དྲུང་ཡིག་ཁེ་ལི་སི་ཏི་ཨན·ཀང་ས་ལེ་སིས་བཤད།

    “ད་ཆ་ས་གནས་དེ་གའི་གཞོན་ནུ་མང་པོ་ཞིག་ཅི་ཡང་མི་ཤེས་པ་ནས་རིམ་བཞིན་རྣམ་གྲངས་འཛུགས་སྐྲུན་བྱེད་རིང་ནུས་རྒྱུ་གསར་པའི་ཁྱབ་ཁོངས་ཀྱི་ཆེད་ལས་ཤེས་ལྡན་པར་གྱུར་ཡོད། ཀྲུང་གོའི་ཁེ་ལས་སུ་ལས་ཀ་བྱས་པའི་ཉམས་མྱོང་གིས་ཁོ་ཚོའི་ཡུན་རིང་གི་ལས་རིགས་འཕེལ་རྒྱས་ལ་རྨང་གཞི་བཏིང་ཐུབ་ཡོད། ཁོ་ཚོའི་མ་འོངས་པ་འདི་ན་ཡོད”ཅེས་ནུབ་རྒྱ་མཚོ་ཆེ་མོ་ཞིང་ཆེན་པོ་ནེ་ཏེ་ལ་གྲོང་ཁྱེར་ཀྭ་ཡེ་པོའི་དུས་ཐེངས་གསུམ་པའི་འོད་ཤུགས་རྣམ་གྲངས་ཀྱི་ས་གནས་ས་ཐོག་གི་ཅིང་ལི་ཧ་ཝེར·ཐུའོ་མ་སའེ་སིས་མྱོང་ཚོར་ཟབ་མོས་བཤད།

    ཀྭ་ཡེ་པོའི་དུས་ཐེངས་གསུམ་པའི་འོད་ཤུགས་གློག་ཁང་རྣམ་གྲངས་ཀྱིས་བརྒྱུད་རིམ་ལྡན་པའི་གསོ་སྦྱོང་བྱ་རྒྱུ་དེ་ས་གནས་དེ་གའི་འཕེལ་རྒྱས་ཀྱི་དམ་འཛིན་བྱ་གཞིར་བརྩིས་ནས“ལས་ཞུགས་བྱས་ཚེ་ངེས་པར་དུ་གསོ་སྦྱོང་བྱེད་པ་དང་། ལས་གནས་དབྱེ་ནས་བསྐྱར་དུ་གསོ་སྦྱོང་བྱེད་པ། ལས་ཀས་གསོ་སྦྱོང་གི་ཚབ་བྱེད་པ། རྒྱུན་མཐུད་འཚར་ལོངས་ཡོང་བ”བཅས་ཀྱི་གསོ་སྐྱོང་ཐབས་ལམ་ཞིག་ཆགས་ཡོད། རྣམ་གྲངས་སྐྲུན་འགན་འཁུར་མཁན་ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཅང་ཤིས་ཞིང་ཆེན་གློག་ཤུགས་ཇུས་འགོད་ཁང་ཚད་ཡོད་ཀུང་སིའི་མེ་གླིང་ས་ཁོངས་སྤྱི་ཁྱབ་པུའི་ལག་བསྟར་སྤྱི་ཁྱབ་ཅིང་ལི་ཀྲའོ་ཀྲུང་ཅེ་ཡིས། རྣམ་གྲངས་ཀྱིས་རྣམ་གྲངས་དོ་དམ་དང་། ས་གནས་ས་ཐོག་ཏུ་སྒྲིག་སྦྱོར། ལག་རྩལ་བཀོལ་སྤྱོད་སོགས་འགག་རྩའི་ལྷུ་ཚིགས་དང་འབྲེལ་བ་ཡོད་པའི་ས་གནས་དེ་གའི་ཆེད་ལས་ཤེས་ལྡན་པ་ཁག་གཅིག་གསོ་སྐྱོང་བྱས་ནས། ས་གནས་དེ་གའི་ལས་ཞུགས་གྲུབ་ཆ་ལག་རྩལ་ཅན་དང་ཆེད་ལས་ཅན་གྱི་ཕྱོགས་སུ་རིམ་སྤོར་ཐུབ་པར་སྐུལ་འདེད་བཏང་ཡོད་ཅེས་བཤད།

    རྣམ་གྲངས་ཀྱི་ས་གནས་ས་ཐོག་གི་ཐོན་སྐྱེད་འགན་འཁུར་བ་ཐང་ལེང་གིས། རྣམ་གྲངས་ཀྱིས་རྒྱུན་རྣམ་ཅན་གྱི་སྡེ་ཁུལ་བྱེད་སྒོ་སྤེལ་བ་སྟེ། རྒྱུན་གཏན་གྱི་འབྲེལ་གཏུག་བརྒྱུད་གྲོང་མིས་ཨར་ལས་འཆར་གཞི་དང་ཤུགས་རྐྱེན་ཤེས་རྟོགས་ཐུབ་པར་བྱས་ཏེ། ས་གནས་དེ་གའི་ངལ་རྩོལ་གླ་པ་སྔོན་ལ་གླས་པ་དང་འབྲེལ་ཁེ་ལས་འབྲིང་ཆུང་ལ་ཁག་བགོས་འགན་གཙང་གི་གོ་སྐབས་སྤྲོད་པ་དང་། དུས་བཀག་ལྟར་ཁོར་ཡུག་སྲུང་སྐྱོང་དང་བདེ་འཇགས་ཀྱི་རྒྱུན་ཤེས་དྲིལ་བསྒྲགས་བྱས་ཏེ། ཉམས་ཞན་ཚོགས་སྤྱིར་ལས་ཞུགས་བྱེད་རོགས་ཀྱིས་བཟའ་བཏུང་དང་། སྐྱེལ་འདྲེན། ཉམས་བཟོ་སོགས་ས་གནས་དེ་གའི་ཚོང་ལས་འཕེལ་རྒྱས་ཡོང་བར་སྐུལ་ཁྲིད་བྱེད་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།