དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སློབ་གསོ་པུས་སློབ་གྲྭ་འབྲིང་ཆུང་གི་ཀུན་གསལ་སློབ་བསྡུའི་ཆེད་དོན་བྱ་སྤྱོད་བཀོད་སྒྲིག་བྱས་པ།

    འོས་འགན་སློབ་གསོའི་སློབ་གྲྭས་གཙོ་གནད་འཛིན་གྲྭ་དང་། ཚོད་ལྟའི་འཛིན་གྲྭ མགྱོགས་དལ་འཛིན་གྲྭ་བཅས་འཛུགས་པ་གཏན་འགོག་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-04-07

    ཉེ་ཆར། སློབ་གསོ་པུའི་གཞུང་དོན་ཐིང་གིས་བརྡ་ཐོ་བཀྲམ་ནས། སློབ་གྲྭ་འབྲིང་ཆུང་གི་ཀུན་གསལ་སློབ་བསྡུའི་ཆེད་དོན་བྱ་སྤྱོད(2026ལོ)སྤེལ་རྒྱུའི་ཐད་བཀོད་སྒྲིག་བྱས་ཏེ། ཐོན་ཁུངས་ཀྱི་སྔ་བལྟས་ཕྱི་བསམ་གྱི་བཀོད་ཇུས་ལ་ཤུགས་སྣོན་རྒྱག་པ་དང་། སྒྲིག་འགལ་སློབ་བསྡུའི་རིགས་གཏན་འགོག་བྱེད་པ། དམིགས་བསལ་རིགས་ཀྱི་སློབ་བསྡུ་ཚད་ལྡན་ནན་པོ་བཟོ་བ། འོས་འགན་སློབ་གསོ་དོ་སྙོམས་འཛིན་གྲྭ་འཛུགས་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། གཙོ་གནད་ཚོགས་སྤྱི་འདྲ་མཉམ་སློབ་ཞུགས་ཐུབ་པའི་འགན་ལེན་བྱེད་པ། སློབ་བསྡུའི་སློབ་ཞུགས་ཆ་འཕྲིན་ཡོངས་བསྒྲགས་ལ་ཤུགས་སྣོན་རྒྱག་པ། “སློབ་གསོ་དང་སློབ་ཞུགས་དོན་དག་གཅིག”ཡིན་པ་གཏིང་ཟབ་ཏུ་གཏོང་བ། ཉེན་ཁ་འགོག་ཟོན་ལས་དོན་ལ་ཤུགས་སྣོན་རྒྱག་པ་སོགས་གཙོ་གནད་ལས་འགན་ཁག་8བཏོན་ཡོད་པ་རེད།

    སྒྲིག་འགལ་ངང་སློབ་མ་བསྡུ་བའི་རིགས་གཏན་འགོག་བྱེད་པའི་ཐད་བརྡ་ཐོའི་ནང་བླང་བྱ་བཏོན་དོན། འོས་འགན་སློབ་གསོའི་སློབ་གྲྭས་ཕྱོགས་ཡོངས་ནས་ཡིག་རྒྱུགས་གཏོང་མི་དགོས་པར་ཐག་ཉེ་སར་སློབ་ཞུགས་བྱེད་དགོས་པ་དང་། ངོ་རྒྱུགས་གཏོང་བ་དང་། དཔྱད་ཞིབ་ཚད་ལེན་བྱེད་པ། ལོ་རྒྱུས་མདོར་བསྡུས་བསྡུ་ལེན་བྱེད་པ་སོགས་ཀྱི་བྱེད་ཐབས་ཐོག་ནས་སློབ་མ་འདེམས་པ་གཏན་འགོག་བྱེད་དགོས། མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་གྲྭས་ཁོངས་གཏོགས་ཁུལ་གྱི་སློབ་བསྡུའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ“གཞུང་དམངས་མཉམ་བསྡུའི”སྲིད་ཇུས་ལག་བསྟར་ནན་པོ་བྱེད་དགོས། ཁོངས་གཏོགས་ཁུལ་གྱི་མཐོ་སློབ་ཀྱི་ཞོར་གཏོགས་སློབ་འབྲིང་དང་། ཞིང་ཆེན་ཁོངས་གཏོགས་ཀྱི་མཐོ་རིམ་སློབ་འབྲིང་། ཆུས་བཙུགས་གྲོང་ཁྱེར་བཅས་ཀྱི་མཐོ་རིམ་སློབ་འབྲིང་གིས་སྒྲིག་འགལ་ངང་རྫོང་ཁོངས་སུ་སློབ་མ་རྩེ་གྲ་བསྡུ་བ་གཏན་འགོག་བྱེད་དགོས། སྐར་མ་སྣོན་པའི་རྣམ་གྲངས་དང་སྐར་ཐང་རིགས་ཁག་ཚད་ལྡན་ནན་པོ་བཟོ་དགོས། སྤུས་ལེགས་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་བསྡུའི་དམིགས་ཚད་ལུགས་མཐུན་ངང་ས་ཁོངས་ནང་གི་ཉམས་ཞན་དམའ་རིམ་སློབ་འབྲིང་ལ་བགོ་བའི་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་ཏེ་སློབ་གྲྭར་སློབ་མའི་མིང་སྐལ་རག་པའི་མིང་ཐོག་ནས་ས་ཁོངས་ལས་བརྒལ་ཏེ་རྩེར་སོན་སློབ་བསྡུ་གཏན་འགོག་བྱེད་དགོས། སློབ་གྲྭ་འབྲིང་ཆུང་གིས་སྒྲིག་འགལ་ངང་སློབ་མ་སྔ་སྣུར་དུ་བསྡུ་བ་དང་། འཆར་གཞི་ལས་བརྒལ་ནས་སློབ་མ་བསྡུ་བ། ས་ཁོངས་ལས་བརྒལ་ནས་སློབ་མ་བསྡུ་བ་བཅས་གཏན་འགོག་བྱེད་དགོས་པ་དང་། “འདོད་མོས་ཐོ་འགོད”དང་། “སྔོན་དུ་སློབ་ཚུད་གྲོས་མཐུན” “དམའ་མཐའི་སློབ་ཚུད་གྲོས་མཐུན” “འཛིན་གྲྭ་ཁག་བགོས་འགན་ལེན་གྲོས་མཐུན”སོགས་ཀྱི་མིང་ཐོག་ནས་རྣམ་པ་བསྒྱུར་ནས་སྔོན་དུ་སློབ་མ་བསྡུ་བ་གཏན་འགོག་བྱེད་དགོས།

    དམིགས་བསལ་རིགས་ཀྱི་སློབ་བསྡུ་ཚད་ལྡན་ནན་པོ་བཟོ་བའི་ཐད་བརྡ་ཐོའི་ནང་བཏོན་དོན། དམིགས་བསལ་རིགས་ཀྱི་སློབ་བསྡུའི་ཞིང་ཆེན་རིམ་པའི་ཞིབ་དཔྱད་ཐོ་འགོད་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས་པ་དང་། ས་གནས་གང་ཞིག་དང་སློབ་གྲྭ་གང་ཞིག་ཡིན་རུང་། ཞིང་ཆེན་རིམ་པའི་ཆོག་མཆན་ཐོབ་མེད་པར་འོས་འགན་སློབ་གསོའི་དུས་མཚམས་སུ་གསར་གཏོད་ཤེས་ལྡན་པ་སྔ་དུས་གསོ་སྐྱོང་རྣམ་གྲངས་ཀྱི་མིང་ཐོག་ནས་དམིགས་བསལ་སློབ་བསྡུ་གཏན་འགོག་བྱེད་དགོས།

    འོས་འགན་སློབ་གསོ་དོ་སྙོམས་འཛིན་གྲྭ་འཛུགས་པར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་ཐད། བརྡ་ཐོའི་ནང་བཏོན་དོན། འོས་འགན་སློབ་གསོའི་སློབ་གྲྭས་གཙོ་གནད་འཛིན་གྲྭ་དང་། ཚོད་ལྟའི་འཛིན་གྲྭ མགྱོགས་དལ་འཛིན་གྲྭ་བཅས་འཛུགས་པ་དང་རྣམ་པ་བསྒྱུར་ནས་འཛིན་གྲྭ་འཛུགས་པ་གཏན་འགོག་བྱེད་དགོས་པ་དང་། དགེ་རྒན་བཀོད་སྒྲིག་དོ་སྙོམས་དང་སློབ་མར་སྐབས་བསྟུན་འཛིན་གྲྭ་བགོ་བར་སྐུལ་འདེད་བཏང་སྟེ། ཁྱོན་ཡོངས་ནས་དོ་སྙོམས་འཛིན་གྲྭ་འཛུགས་པ། སློབ་གྲྭའི་འཛིན་གྲྭ་འཛུགས་པའི་ཇུས་གཞི་དང་། གོ་རིམ། མཇུག་འབྲས་བཅས་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་དགོས། འཛིན་གྲྭ་འཛུགས་པའི་མཇུག་འབྲས་ཁྱབ་བསྒྲགས་བྱས་རྗེས་རང་དགར་བསྒྱུར་མི་ཆོག

    སློབ་གསོ་པུའུ་ཡིས་འདི་ལོའི་ཟླ་4པ་ནས་ཟླ་9པའི་བར། ཀྲུང་གོའི་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ཀྱི་སྐད་འཕྲིན་སྤྱི་རྟགས་སུ“སློབ་གྲྭ་འབྲིང་ཆུང་གི་སྒྲིག་འགལ་སློབ་བསྡུའི་གནད་དོན”གྱི་ཆེད་བསྒྲིགས་ལེ་ཚན་བཟོས་ཏེ། ས་གནས་ཁག་གི་སློབ་གསོའི་སྲིད་འཛིན་སྡེ་ཚན་གྱིས་ཐེར་འདོན་ཞུ་གཏུག་བདག་སྤྲོད་ཐབས་ལམ་ཤར་བགྲོད་ཡོང་བར་བྱེད་དགོས་པ་དང་། རྫོང་རིམ་པའི་སློབ་གསོའི་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་ཆེད་དུ་སློབ་བསྡུའི་སློབ་ཞུགས་ཐད་འབྲེལ་ཁ་པར་བཙུགས་ནས་སྤྱི་ཚོགས་ལ་རང་འགུལ་ངང་ཡོངས་བསྒྲགས་བྱས་ཤིང་། མང་ཚོགས་ཀྱིས་གོང་ལ་ཞུས་པའི་གནད་དོན་ལ་རྩིས་ཐོ་བཟོ་བ་དང་རེ་རེ་བཞིན་ཞིབ་བཤེར་ཐག་གཅོད་ནན་ཏན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།