དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “ཁུའེ་མོན”སྒྲོལ་བའི་སྙིང་སྟོབས་ཀྱིས་བདེ་སྐྱིད་འཚོ་བ་བརྩོན་ལེན་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ལི་ཙེང་ཧུའེ། ཅང་ཧྥུང་། ཧྲེན་ཅིན་རན།   |     སྤེལ་དུས།  2026-04-07

    འབྲི་ཆུའི་འགག་གསུམ་གྱི་ནུབ་ནས་ཤར་ལ་བསྐྱོད་ཚེ་འགག་དང་པོ་ནི་ཁྲུང་ཆིང་ཧྥེང་ཅེ་ཡི་ཆུས་ཐང་འགག་རེད།

    ཆུས་ཐང་འགག་གི་འགག་མདོར་གནའ་དུས་ཁུའེ་མོན་ཞེས་འབོད། སི་ཁྲོན་དང་ཁྲེང་ཏུའུ་རྒྱུད་ཀྱི་དམངས་ཁྲོད་དུ“ཁུའེ་མོན་བསྒྲལ་ན་བདེ་མོའི་ཐང་ལ་སླེབས”ཞེས་པའི་ཤོད་རྒྱུན་རྙིང་པ་ཞིག་ཀྱང་ཡོད། ཁྲུང་ཆིང་དུ་ས་འཛིན་མྱུ་ཁྱུད་ནས་གཅིག་ལ་གཅིག་སྦྲེལ་དུ་གནས་པས་སྔོན་མ་ཆུ་ཐོག་སྐྱེལ་འདྲེན་ཁོ་ན་ལས་མེད་པ་དང་དེ་ནས་ཤར་ཕྱོགས་སུ་བསྐྱོད་ཚེ་གཞི་ནས་འཚོ་བ་སྐྱིད་པོ་འགོ་ཚུགས་པའི་གོ་སྐབས་རག་གི་ཡོད།

    “འགག་སྒྲོལ”ནི་བློ་སྟོབས་ཡིན་ལ་རེ་སྨོན་ཞིག་དེ་བས་ཡིན།

    2024ལོའི་ཟླ་4པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲུང་ཆིང་དུ་རྟོག་ཞིབ་གནང་སྐབས། “དུས་རབས་གསར་པའི་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་འཐབ་ཇུས་ཀྱི་རྟེན་ས་གལ་ཆེན་དང་སྐམ་སའི་དབུས་ཁུལ་གྱི་སྒོ་དབྱེའི་ཕྱོགས་བསྡུས་ལྟེ་གནས་ནུས་ཤུགས་ཡོད་རྒུས་གཏོད་དགོས”ཞེས་དང“ཁྲུང་ཆིང་གིས་སྔོན་ལ་བྱེད་ཕོད་པའི་བློ་སྟོབས་ལ་བརྟེན་ནས་སྒྱུར་བཅོས་ཕྱོགས་ཡོངས་ནས་ཟབ་གཏོང་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་དགོས”ཞེས་ནན་བཤད་གནང་ཡོད།

    སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་རྒྱ་དང་ཏང་ཀྲུང་དབྱང་གི་བཀོད་སྒྲིག་འོག ཁྲུང་ཆིང་གིས་ལག་ལེན་བསྟར་འགོ་ཚུགས། ནུབ་ངོས་སུ་2025ལོའི་ལོ་མཇུག་བར་ཀྲུང་ཡོའི་དུས་གཏན་མེ་འཁོར(ཁྲེང་ཏུའུ་ནས་ཁྲུང་ཆིང་བར)རིམ་རྩིས་བརྒྱབ་ན་ཐེངས་ཁྲི་3.8བཏང་བ་དང་། ལྷོ་ངོས་སུ་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པ་དེ་རྒྱལ་ཁབ་དང་ས་ཁུལ་127གྱི་གྲུ་ཁ་590རུ་ཤར་གཏོང་ཐུབ་པ། ཤར་ངོས་སུ་གནའ་བོའི་ཁུའེ་མོན་གྱིས་ཏུན་ཁྲི་རིམ་པའི་གྲུ་གཟིངས་ཁྲུང་ཆིང་ནས་ཉིང་པོ་ཀྲོའུ་ཧྲན་གྲུ་ཁར་ཐད་ཀར་འབྱོར་བར་དཔང་པོ་བྱེད།

    “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ནང་། “སྒོ་དབྱེར་བརྟེན་ནས་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་བཏོན་ཡོད། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་། ཁྲུང་ཆིང་གིས་དགེ་མཚན་ཆེ་རིགས་དང་རྗེས་ཐོན་ཁྱད་ཡོན་འདོན་སྤེལ་གང་ལེགས་བྱས་ཏེ། སྐམ་ས་དབུས་ཁུལ་གྱི་སྒོ་དབྱེའི་ཕྱོགས་བསྡུས་ལྟེ་གནས་ཀྱི་ནུས་པ་དང་ཁྱབ་འགྱེད་ནུས་པ་ཆེ་རུ་འགྲོ་བར་ཤུགས་སྣོན་བརྒྱབ་ནས་རང་རྒྱལ་གྱི་ལྷོ་ངོས་དང་ནུབ་ངོས་འཐབ་ཇུས་ཀྱི་མཐོ་སར་འགྱུར་བའི་བརྩོན་ལེན་བྱེད་བཞིན་ཡོད།

    “ཁུའེ་མོན”སྒྲོལ་བར་སྒྱུར་བཅོས་ཟབ་གཏོང་ལ་བརྟེན་ཏེ་རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་ར་ནུས་ཆེའི་འབྲེལ་མཐུད་ཐུབ་པར་སྐུལ་འདེད་བཏང་ཡོད།

    ལེང་ཅང་ཁུལ་གསར་གོ་ཡོན་གྲུ་ཁའི་ཡུས་ཙུའེ་ས་ཚིགས་སུ་ཁྲུང་ཆིང་ནས་ཀོང་ཀྲོའུ་བར་གྱི་ལྕགས་ལམ་དང་མཚོ་ཐོག་མཉམ་འབྲེལ་སྐྱེལ་འདྲེན་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་བླུགས་པའི་ཆེད་སྤྱོད་མེ་འཁོར་ཐོག་མ་དེ་ཐོན་འགོ་ཚུགས། “ཁྲུང་ཆིང་ནས་བཟོས་པའི”རླངས་འཁོར་108ཀོང་ཀྲོའུ་ནན་ཧྲ་གྲུ་ཁར་བསྐྱོད་རྗེས་དེ་ནས་གྲུ་གཟིངས་བརྗེས་ཏེ་ཕྱི་རྒྱལ་གྱི་ཁྲོམ་རར་གཏོང་གི་ཡོད།

    “དོས་སྒམ་བླུགས་ས་ནས་དོས་སྒམ་ལ་ཞིབ་བཤེར་དང་གྲུ་གཟིངས་ནང་བླུགས་ས་ནས་གྲུ་གཟིངས་ལ་ཞིབ་བཤེར་བྱེད་དགོས”ཞེས་ཁྲུང་ཆིང་ཡུས་སུའེ་གྲུ་ཁ་དང་ལྕགས་ལམ་གྱི་རྒྱལ་སྤྱིའི་ཟོག་འགྲེམས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཧྥང་ཁུན་གྱིས་བཤད། ཁྲུང་ཆིང་དང་ཀོང་ཏུང་ས་ཆ་གཉིས་ཀྱིས་བཙུགས་པའི་ལྟ་འདོམས་ཕན་ཚུན་ཁས་ལེན་གྱི་བྱེད་སྟངས་གསར་པའི་སྐོར་གླེང་སྐབས། ཁོང་གིས“ཟོག་འགྲུལ་གྱི་དུས་འཁོར་ཧྲིལ་པོ་20%གྲོན་ཆུང་ཐུབ་པ་དང་མ་གནས་25%ཉུང་དུ་ཕྱིན་ཡོད”ཅེས་བཤད།

    “ལོ་ལྔ་ཚན་བཅོ་ལྔ་པར”འབད་འབུངས་མདུན་སྐྱོད་བྱས་ཏེ་ཁྲུང་ཆིང་གིས་སྒོ་དབྱེར་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་བཏང་སྟེ་སྐྱེལ་འདྲེན་དང་། འགག་སྒྲོལ། དངུལ་རྩ། རྩོད་གཞི་ཐག་གཅོད་སོགས་ཁྱབ་ཁོངས་སུ་ཚོད་ལྟའི་ལས་དོན་མགྱོགས་མྱུར་སྤེལ་ནས། རྒྱུན་རྣམ་ཅན་གྱི“འདུས་གྲུབ་མྱུར་ལམ”དེ་བས་མང་བ་གཏོད་རྒྱུ་ཡིན་པའི་ནང་། ཨེ་ཤེ་ཡ་ཤར་ལྷོ་ནས་ཁྲུང་ཆིང་བརྒྱུད་ཡོ་རོབ་ཏུ་གཏོང་བའི“ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མྱུར་སྐྱོད་དུས་གཏན་མེ་འཁོར”དང་། ཁྲུང་ཆིང་གཞུང་ལམ་ཟོག་འགྲུལ་རྟེན་གཞིའི“སྒོ་ནས་མཛོད་བར”གྱི་ཞབས་ཞུ་ཐུང་གྲས་སོགས་ཚུད་ཡོད། དེ་ནི“སྐྱེལ་འདྲེན་ནུས་ཤུགས་ཀྱི་འདུས་གྲུབ་ཡིན་ལ། སྲིད་ཇུས་ཀྱི་འདུས་གྲུབ་དེ་བས་ཀྱང་ཡིན”ཞེས་ཁྲུང་ཆིང་གྲོང་ཁྱེར་སྲིད་གཞུང་འགག་སྒོའི་ཟོག་འགྲུལ་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཝང་ཧྲན་ལིས་བཤད།

    “ཁུའེ་མོན”ལས་སྒྲོལ་བར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ནས་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོས་རྒྱལ་སྤྱིའི་འཁོར་རྒྱུག་ལ་དེ་བས་ལེགས་པའི་སྣེ་ཁྲིད་བྱས་ཡོད།

    མཐུན་སྒྲིལ་གྲོང་ཚོའི་ལྟེ་བའི་ས་ཚིགས་སུ་དོས་སྒམ་གྲལ་བསྟར་འགྲིག་པོས་བཞག་ཡོད་པ་དང་ནུས་རྒྱུ་གསར་པའི་རླངས་འཁོར་སོགས“དཔེ་གསར་གསུམ”ཇེ་མང་དུ་འགྲོ་བཞིན་ཡོད། 2025ལོར་ཁྲུང་ཆིང་གིས་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པ་བརྒྱུད་ཕྱིར་གཏོང་བྱས་པའི་དངོས་ཟོག་གི་རིན་ཐང་སྒོར་དུང་ཕྱུར་413.6ཟིན་ཏེ། དུས་མཚུངས་ལས་144.9%འཕར་བའི་ནང“དཔེ་གསར་གསུམ”ཕྱིར་གཏོང་བྱེད་ཚད་དུས་མཚུངས་ལས་332.9%འཕར་ཡོད་པ་རེད།

    སྒོ་དབྱེར་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ“ལོ་ལྔ་ཚན་བཅོ་ལྔ་པར”ཕྱོགས་སྐབས། ཁྲུང་ཆིང་གིས་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་བཙུགས་ནས་ཟོག་འགྲུལ་དང་། དངུལ་རྩ། གྲངས་གཞི་སོགས་ཐོན་ལས་ཀྱི་རྒྱུ་རྐྱེན་གཙོ་བོ་ཕན་ནུས་ཆེ་བའི་གཅིག་སྡུད་འཁོར་རྒྱུག་བྱེད་པར་ཁྲིད་སྟོན་བྱས་ཏེ། འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ནང་རང་འགུལ་མཉམ་འདྲེས་དང་དེར་ཞབས་འདེགས་ཞུ་རྒྱུ་རེད། དེ་ནི་ཐོན་རྫས་འཚོང་བ་ཙམ་མ་ཟད། ལག་རྩལ་དང་། སྤུས་རྟགས། ཞབས་ཞུ་བཅས་ཕྱོགས་ཡོངས་ནས་ཕྱིར་གཏོང་བྱས་པ་ཞིག་དེ་བས་ཀྱང་རེད།

    “ཐེ་ལན་གྱི་ལུའོ་ཡུང་བཟོ་གྲྭར་སླད་ཕྱིན་ལོ་3རིང་མཁོ་སྤྲོད་འཁོར་འབྲེལ་རང་ཡུལ་ཅན་དུ་འགྱུར་ཚད་70%ཡན་ཟིན་པའི་བརྩོན་ལེན་བྱ་རྒྱུ་ཡིན”ཞེས་ཀྲུང་གོ་ཁྲང་ཨན་རླངས་འཁོར་ཨེ་ཤེ་ཡ་ཤར་ལྷོའི་བྱ་གཞག་པུའུ་ཡི་སྤྱི་ཁྱབ་ཅིང་ལི་ཏེང་ཀྲེ་ཐའོ་ཡིས་སེམས་ཤུགས་ཀྱིས་ཁེངས་བཞིན་བཤད།

    ཁྲང་ཨན་རླངས་འཁོར་གྱིས་གོ་ལ་ཧྲིལ་པོ་ཅན་གྱི་བཀོད་པ་བཟོ་བཞིན་ཡོད་པ་དང་2025ལོར་ཕྱི་རྒྱལ་དུ་རླངས་འཁོར་འཚོང་ཚད་ཁྲི་63.73ཟིན་ཏེ་དུས་མཚུངས་ལས་18.9%འཕར་ཡོད་པ་རེད།

    “ཁུའེ་མོན”ནས་སྒྲོལ་ཏེ་བསམ་གཞིག་སྔར་བས་རྒྱ་ཆེར་བཏང་ནས་སྒོ་དབྱེའི་ཁོར་ཡུག་དང་ཞབས་ཞུའི་རྣམ་པ་རྒྱུན་ཆད་མེད་པར་ལེགས་སུ་བཏང་ཡོད།

    “ཕྱིར་གཏོང”ནས་བལྟས་ཚེ། ཁྲུང་ཆིང་ཧྲེན་ཁྲི་ཕྱིར་གཏོང་ནང་འདྲེན་ཚོང་དོན་ཚད་ཡོད་ཀུང་སིའི་ཕྱིར་ཚོང་རྒྱབ་སྐྱོར་པུའི་འགན་འཁུར་བ་ཤའོ་ཧུང་གིས་རྩིས་ཤིག་བརྒྱབ་རྗེས། 2025ལོར་ཀུང་སིར་ཕྱིར་གཏོང་ཁྲལ་སློག་སྒོར་ཁྲི་9300ལྷག་ཙམ་ཟིན་པ་དང་ཆ་སྙོམས་ཁྲལ་སློག་དུས་ཚོད་ཉིན་2.5ལས་འགོར་མེད། གྲངས་འཛིན་སྐམ་མཚོའི་བགྲོད་ལམ་གསར་པ་འདེགས་སྐྱོར་དུ་བྱས་ནས་ཁྲུང་ཆིང་གིས་ཚོང་དོན་དང་། ཟོག་འགྲུལ། དངུལ་རྩ་བཅས་གསུམ་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་ཞབས་ཞུའི་ལས་སྟེགས་རྒྱུན་མཐུད་ལེགས་སུ་དང་སྟོབས་ཆེར་གཏོང་རྒྱུ་རེད་ཅེས་བཤད།

    “ནང་འདྲེན”ནས་བལྟས་ཚེ། 2025ལོའི་ལོ་མཇུག་ཏུ་ཁྲུང་ཆིང་འདི་ཉིད་འཛད་སྤྱོད་ཀྱི་ལས་རྣམ་གསར་པ་དང་། བྱེད་སྟངས་གསར་པ། ཁོར་ཡུག་གསར་པ། དེ་བཞིན་རྒྱལ་སྤྱི་ཅན་གྱི་འཛད་སྤྱོད་ཁོར་ཡུག་འཛུགས་སྐྱོང་གི་ཚོད་ལྟའི་གྲོང་ཁྱེར་དུ་བདམས་ཐོན་བྱུང་བ་དང་། བཅིངས་འགྲོལ་རྡོ་རིང་དང་ཧུང་ཡཱ་བྲག་ཕུག་སོགས་གཙོ་གནད་ས་ཁོངས་སུ་རྒྱལ་སྤྱིའི་དངུལ་ཁང་གཱ་ཡི་POSའཕྲུལ་ཆས་ཁྱབ་ཚད་98%ཟིན་པ། དངུལ་སྤྲོད་འབོ་དང་སྐད་འཕྲིན་དངུལ་སྤྲོད་འབྲེལ་མཐུད་བྱས་པའི་ཕྱི་རྒྱལ་གྱི་ཚོང་པ་ཁྲི་12ལྷག་ཙམ་ཟིན་ཡོད། 2025ལོར་རྒྱལ་སྒྲོལ་ཁྲལ་སློག་གི་ཕྱི་རྒྱལ་འགྲུལ་པ་མི་ཐེངས་དུས་མཚུངས་ལས་ལྡབ་4ཙམ་འཕར་ཡོད།

    འབྱུང་འགྱུར་ལ་ཕྱོགས་ཚེ། ཁྲུང་ཆིང་གིས་ཚད་གཞི་མཐོ་བའི་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་དང་རང་འགུལ་ངང་འབྲེལ་མཐུད་བྱས་ནས། དངུལ་རྩ་དང་། སློབ་གསོ། སྨན་བཅོས། རིག་གནས་ཡུལ་སྐོར་སོགས་རྒྱལ་སྤྱིའི་མི་ཆོས་རིག་གནས་སྤེལ་རེས་མཉམ་ལས་བྱེད་ཟབ་ཏུ་གཏོང་རྒྱུ་ཡིན་ཞིང་། ཆུ་ཚད་མཐོ་བའི་སྒོ་དབྱེ་ནི་གཞོགས་གཅིག་དང་སྣེ་གཅིག་ལ་བསམ་བློ་གཏོང་བ་ཁོ་ན་མིན་པར་ཕྱོགས་མང་བེད་སྤྱོད་བྱས་ཚེ་གཞི་ནས་བློ་སྒོ་ཡངས་སུ་འགྲོ་ཐུབ།

    ཁྲུང་ཆིང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཡོན་ཅཱ་ཅུན་གྱིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲུང་ཆིང་ལ་རྟོག་ཞིབ་གནང་སྐབས་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ། སྐམ་སའི་དབུས་ཁུལ་སྒོ་དབྱེའི་ཕྱོགས་བསྡུས་ལྟེ་གནས་འཛུགས་སྐྲུན་གྱི་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་གཏོད་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཁྲུང་ཆིང་གི་སྒོ་དབྱེའི་རྣམ་པ་དེ་ལས་སྟེགས་འཛུགས་གཏོད་དང་བགྲོད་ལམ་སྦྲེལ་མཐུད་ནས་ལམ་ལུགས་རྣམ་པའི་སྒོ་དབྱེ་རྒྱ་ཆེར་གཏོང་བ་དང་། ལྟེ་གནས་ཀྱི་ཕྱོགས་བསྡུས་ཕན་ནུས་ཆེ་རུ་གཏོང་བའི་བར་མགྱོགས་མྱུར་འགྱུར་ལྡོག་བཏང་སྟེ“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་ཧུར་ཐག་འཛུགས་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད།

    འགོ་གསར་པ་འཛུགས་པ་དང་། གོམ་པ་གསར་པ་སྤོ་བ། ལས་འགན་གསར་པ་འཁུར་བ་བཅས་བྱེད་དགོས། “ཁུའེ་མོན”ནས་སྒྲོལ་ཏེ་གདེང་ཚོད་བརྟན་དུ་བཏང་ནས་ཁྲུང་ཆིང་གིས་སྒྱུར་བཅོས་འཕེལ་རྒྱས་ཀྱི་གནམ་ས་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།