དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ནམ་དུས་ལེགས་སུ་ཕྱིན་པས་འཕྲུལ་འཁོར་དང་མི་རྣམས་ལས་ལ་བྲེལ་འགོ་ཚུགས་པ།

    ——དིང་རིའི་ས་ཡོམ་གནོད་འཚེ་ཕོག་ཁུལ་གྱི་ལས་འགོ་འཛུགས་པ་དང་ལས་འགོ་བསྐྱར་ཚུགས་ཀྱི་སྐོར་རགས་ཙམ་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-07

    དིང་རི་རྫོང་ཆུ་ལྷོ་ཤང་གཙོ་མཚོ་གྲོང་ཚོའི་ཡུལ་མི་ཉི་མ་སྡོད་ཁང་གསར་པའི་ནང་འཚོ་བ་གསར་པ་སྐྱེལ་འགོ་ཚུགས། དེ་གོང་སྡོད་ཁང་གསར་པའི་མདུན་དུ་རི་ཞིག་ཡོད་ཅིང་། ཁོང་ལ་རྟག་ཏུ་རི་དེ་ཉིལ་དོགས་སེམས་ཁྲལ་ཆེན་པོ་ཡོང་གི་ཡོད། འོན་ཀྱང་ད་ཆ་རི་གཤམ་དུ་ཨར་འདམ་གྱི་ལུགས་བརྒྱབ་ནས་རི་སྐྱོར་མཐོ་པོ་ཞིག་སྐྲུན་བཞིན་ཡོད་པས་ཁོང་གཞི་ནས་སེམས་ལྷོད་ལ་བབས། “ད་སེམས་ཁྲལ་བྱས་ནས་སྡོད་དགོས་མེད”ཅེས་ཁོང་གིས་དགའ་ཚོར་ཆེན་པོས་བཤད།

    2025ལོའི་ཟླ་1ཚེས་7ཉིན། ས་ཡོམ་བརྒྱབ་ནས་དབེན་འཇམ་གྱི་ས་ཆ་འདི་སྐབས་ཤིག་རིང་སྡུག་བསྔལ་གྱི་གནས་སུ་གྱར། ལོ་གཅིག་སོང་རྗེས་སྡོད་ཁང་གསར་པ་སྔ་ས་ནས་རི་འདབས་སུ་གྲལ་སྟར་འགྲིག་པོས་བསྐྲུན་ཟིན་པ་དང་ཨར་ལས་རུ་ཁག་གིས་རི་སྐྱོར་རྒྱག་པ་དང་། ལམ་གཞི་འདིང་བ། མདོང་དྲ་ས་འོག་ཏུ་སྦས་ནས་ལས་མཇུག་འགྲིལ་ལ་ཉེ།

    བོད་ལྗོངས་ཤིན་ཧའེ་འཛུགས་སྐྲུན་ལས་གྲྭ་ཚད་ཡོད་འགན་འཁྲི་ཀུང་སིའི་འགན་འཁུར་བ་ལིའུ་ཅང་པོས“ཁང་པ་རྩིས་སྤྲད་རྗེས་ལྷན་སྦྱར་སྒྲིག་བཀོད་ལས་གྲྭ་ལས་འགོ་ཚུགས་ཡོད། མིག་སྔར་གྲོང་ཚོ་7ལས་མཇུག་འགྲིལ་ཟིན་པ་དང་། དེ་བྱིངས་ཀྱི་གྲོང་ཚོ་20ཡི་མདོང་དྲ་ས་འོག་ཏུ་སྦས་ཟིན་པ་དང་ལམ་གཞི་སྤྱིར་ན་གྲུབ་ནས་ལམ་འདིང་ཉེར་ཡོད་པས་ལས་གྲྭ་སྤྱི་ཡོངས་ལེགས་སྒྲུབ་བྱུང་ཚད་90%ཟིན་ཡོད། ཟླ་6པའི་ཟླ་མཇུག་གོང་། གྲོང་ཚོ་དེ་དག་རྣམ་པ་གསར་རྐྱང་ཞིག་ཏུ་འགྱུར་རྒྱུ་རེད”ཅེས་གསར་འགོད་པར་བཤད།

    དིང་རི་ནས་ནུབ་ཕྱོགས་སུ་ཡར་ཀླུང་གཙང་པོའི་ལུང་གཞུང་བརྒྱུད་དེ་སྐྱོད་སྐབས་ངམ་རིང་རྫོང་གི་རི་ཚོགས་ཁྲོད་བར་རྩེ་ཆུ་བེད་ལྟེ་བའི་ལས་གྲྭའི་ལས་ཡུལ་དུ་བཟོ་པ་ཚོ་ལས་ལ་བྲེལ་བཞིན་མཆིས། དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་བཅུ་གྲངས་ལྷག་ཟིན་ན་ཡང་དེ་གར་མི་292ཀྱིས་གྲང་ངར་ལ་མ་འཛེམས་པར་ལས་ཀ་མུ་མཐུད་བྱེད་བཞིན་ཡོད།

    བཀྲ་ཤིས་ཚེ་རིང་ནི་ལས་ཡུལ་དེའི་ཞལ་དཔོན་ཞིག་ཡིན། ན་ནིང་ལོ་ཧྲིལ་པོར་ཁོང་གིས་དེ་གར་ལས་ཀ་བྱས་ནས་བསྡད། ཁོང་གི་ཁྱིམ་དེ་གར་ཡོད་པས་ས་ཡོམ་བརྒྱབ་རྗེས་བསྐྱར་སྐྲུན་བྱས་པའི་སྡོད་ཁང་གསར་པ་གང་འདྲ་བྱུང་མིན་རྒྱུན་དུ་བལྟ་བར་འགྲོ་གི་ཡོད།

    “ད་ལོ་སེམས་ཁྲལ་བྱེད་དགོས་མེད་པས་ལྷོད་ལྷོད་ངང་ལས་ཀ་བྱས་ནས་སྡོད་ཆོག ད་ཆ་ཟླ་རེར་ཡོང་འབབ་སྒོར་9000ལྷག་ཙམ་ཡོད་པས་ངས་དངུལ་ཧུར་ཐག་བསགས་ཏེ་སྡོད་ཁང་གསར་པའི་ནང་ཁྱིམ་ཆས་ངོ་དྲག་པ་མང་ཙམ་ཉོ་ཐུབ་པ་བྱེད་ཀྱི་ཡིན། ད་དངོས་འབྲེལ་འཚོ་བར་རེ་བས་ཁེངས་པས་ལས་ཀ་བྱེད་འདོད་ཀྱང་ཆེ་རུ་ཕྱིན་སོང”ཞེས་བཀྲ་ཤིས་ཚེ་རིང་གིས་དགའ་ཚོར་གྱིས་བཤད།

    དེ་དང་ཆབས་ཅིག དཔྱིད་དུས་ལྷ་རྩེ་རྫོང་ཆུ་ཤར་གྲོང་རྡལ་ལྷ་ཆོས་གྲོང་ཚོའི་ཞིང་ནང་དུ་ལས་འགོ་འཛུགས་པ་དང་ལས་འགོ་བསྐྱར་ཚུགས་ཀྱི་བྲེལ་འཚུབ་རྣམ་པས་ཁེངས།

    དཔྱིད་རྨོད་དུས་བཟང་གི་ཉིན་མོར་ཡུལ་མི་ཚོས་རྨོད་གཉའ་བཅག་པ་དང་། དཀར་གཙང་གི་མཇལ་དར་དང་གྲོ་སོ་ཕྱེ་མར་ལས་བཀྲ་ཤིས་པའི་རྣམ་པ་མངོན་ཞིང་། མི་རྣམས་ཀྱིས་གླུ་ལེན་གར་འཁྲབ་བྱས་ནས་ཆར་ཆུ་དུས་སུ་འབབ་པའི་སྨོན་ལམ་བཏབ། རྣང་མའི་ཐོག་དར་ཚོན་བཏགས་པའི་འདྲུད་འཐེན་འཕྲུལ་འཁོར་ཆེ་གྲས་དང་། རྨོ་འདེབས་འཕྲུལ་འཁོར་བཅས་གྲལ་སྟར་འགྲིག་པོས་ཐོན་ཆོག་བྱས་ནས་བསྡད།

    དཔྱིད་ཀ་ཤར་ནས་གནམ་གཤིས་རིམ་གྱིས་དྲོ་རུ་ཕྱིན་པ་དང་། གངས་དང་འཁྱགས་པ་རིམ་གྱིས་བཞུར་བས་འཕྲུལ་ཆས་དང་མི་ཚང་མ་ལས་བྲེལ་ཆེ་རུ་སོང་ནས་ཇོ་མོ་གླང་མའི་འདབས་སུ་དཔྱིད་ཀའི་དཔལ་ཡོན་བཞད་འགོ་ཚུགས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།