རང་ལྗོངས་ཀྱི་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་ཀྱིས་འཛད་སྤྱོད་ཀྱི་གཏིང་ཤུགས་རྒྱུན་མཐུད་མངོན་པ།
ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་རང་ལྗོངས་ཀྱི་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་སྤུས་འབྲས་ལེགས་གཉེར་བྱུང་སྟེ“ཁྱབ་ཆེ་ཀུན་ཕན”ནས་གནད་སྨིན་རོགས་སྐྱོར་ཐུབ་པར་གྱུར་ཏེ་དེ་བས་ལྗང་མདོག་དང་། དེ་བས་གནད་སྨིན། དེ་བས་ནུས་ཆེ་བཅས་ཀྱི་ཁ་གསབ་ལམ་སྲོལ་ལ་བརྟེན་ནས་འཛད་སྤྱོད་ཀྱི་གཏིང་ཤུགས་མངོན་ཡོད། ཟླ་3ཚེས་19ཉིན་བར། ལྗོངས་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་དུས་ཡུན་ཆེས་རིང་བའི་དམིགས་བསལ་རྒྱལ་བུན་ཁ་གསབ་མ་དངུལ་སྒོར་ཁྲི་3000ལྷག་ཙམ་སྤྱད་དེ་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་2.6ཟིན་པར་འདེགས་སྐྱོར་བྱས་པས་སྲིད་ཇུས་ཀྱི་སྣེ་ཁྲིད་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།
རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་ཁྲུའུ་ཡི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་ཁ་གསབ་རིགས་དེ་བས་གཅིག་སྡུད་དང་། ཚད་གཞི་དེ་བས་ལེགས་པ། མ་དངུལ་དེ་བས་གནད་སྨིན་བཅས་བྱ་རྒྱུ་ཡིན་པའི་ནང་། ཁྱིམ་སྤྱོད་གློག་ཆས་རིགས་ཁྱབ་རྒྱ་ཆེ་བ་ནས་རིམ་པ་དང་པོའི་ནུས་ཕྱོད་དང་ཆུ་ནུས་ཀྱི་ལྗང་མདོག་ཐོན་རྫས་རིགས་6ལ་ཁུ་བསྡུ་བྱས་ནས། ཕྱིར་ཚོང་རིན་གོང་གི་15%ལྟར་ཁ་གསབ་སྤྲོད་པ་དང་། ཐོན་རྫས་སྣ་ཁ་གཅིག་ལ་ཁ་གསབ་མཐོ་ཤོས་སྒོར་1500སྤྲད་ནས་ཐཱན་ཉུང་འཛད་སྤྱོད་གཞན་སྒྱུར་ལ་ཁྲིད་སྟོན་བྱ་རྒྱུ་རེད། གྲངས་འཛིན་ཐོན་རྫས་ཐད་ལག་ཐོགས་ཁ་པར་དང་ངོས་ལེབ་གློག་ཀླད་སོགས་རིགས་4གཏན་འཁེལ་བྱས་ཏེ་སྒོར་6000མན་གྱི་ཐོན་རྫས་སྣ་ཁ་གཅིག་ལ་ཁ་གསབ་15%སྤྲོད་པ་དང་ཐོན་རྫས་སྣ་ཁ་གཅིག་ལ་ཁ་གསབ་མཐོ་ཤོས་སྒོར་500སྤྲོད་པ་མ་ཟད། VRསོགས་རིག་ནུས་མཁྲེགས་ཆས་དག་རྒྱབ་སྐྱོར་ཁྱབ་ཁོངས་ནང་བཅུག་ནས་འཛད་སྤྱོད་ཀྱི་རྣམ་པ་གསར་པ་སྐྱེད་སྲིང་བྱ་རྒྱུ་རེད། རླངས་འཁོར་རྙིང་དོར་གསར་སྒྱུར་དང་ཚབ་ཉོ་གསར་སྒྱུར་གྱི་ཚད་གཞི་གཏན་འཁེལ་གྱིས་ཁ་གསབ་སྤྲོད་པ་དང་། ནུས་གསར་རླངས་འཁོར་དང་སྣུམ་འཁོར་རིགས་དབྱེ་ནས་ལྕག་སྐུལ་བྱས་ཏེ“མི་རེས་རླངས་འཁོར་རེ་ཉོས་པར་ཁ་གསབ་ཐེངས་རེ་སྤྲོད་པའི”རྩ་དོན་ལག་ལེན་ནན་པོ་བསྟར་ནས་མ་དངུལ་བེད་སྤྱོད་ཕན་ཆེ་ལུགས་མཐུན་ཡོང་བར་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས།
འཛད་རྫས་རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་ཀྱི་སྐུལ་ཁྲིད་འོག འདི་ལོའི་ཟླ་དང་པོ་དང་གཉིས་པར་ལྗོངས་ཡོངས་ཀྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་171ཟིན་པ་དེ་དུས་མཚུངས་ལས་3.8%འཕར་ཡོད་ཅིང་། དེའི་ནང་བཅད་གྲངས་ཡན་གྱི་ཚན་པའི་འཕྲིན་གཏོང་ཡོ་བྱད་རིགས་ཀྱི་སིལ་ཚོང་དངུལ་འབོར་དུས་མཚུངས་ལས་31.7%འཕར་ཡོད།
འབྲེལ་ཡོད་གསར་འགྱུར།