དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལོ་བདུན་ཅུར་སླེབས་པའི་བགྲེས་སོང་ཞིག་གིས་འཁར་རྒྱུག་བཙུགས་ནས་ཡུལ་མི་དང་མཉམ་དུ“གསར་བརྗེའི་མཉམ་འཛོམས”འདིར་ཕེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-07

    སྔོན་གཤེགས་དཔའ་བོའི་བང་སོར་དུར་ཕྱགས་བྱེད་མཁན་མི་ཚོགས་ཁྲོད་འཁར་རྒྱུག་བཙུགས་ནས་ཕེབས་པའི་བགྲེས་སོང་ཞིག་ལ་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱུང་ཞིང་། ཁོང་ནི་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ནག་ཆུ་གྲོང་རྡལ་ལ་ཐོག་གྲོང་ཚོའི་ལོ་70ལྷག་ཙམ་ལ་སླེབས་པའི་བགྲེས་སོང་དཀོན་མཆོག་སྟོབས་རྒྱལ་རེད། རྐང་པ་ཐང་པོ་མེད་ཀྱང་ཁོང་གིས་བྱེད་སྒོའི་ནང་ཞུགས་རྒྱུ་སྔར་བཞིན་མཐའ་འཁྱོངས་བྱས་ནས་མིག་མདུན་གྱི་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་བལྟས་ཏེ་བགྲེས་སོང་གིས“ཏང་གི་བཀའ་དྲིན་ལ་ཐུགས་རྗེ་ཆེ་ཞུ་གི་ཡིན། སྔོན་གཤེགས་དཔའ་བོས་རང་སྲོག་བློས་གཏོང་བྱས་པ་ནམ་ཡང་བརྗེད་མི་སྲིད། ཁོང་ཚོ་མེད་ན་ད་ཆའི་བདེ་སྐྱིད་འཚོ་བ་ཡོང་མི་སྲིད”ཅེས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་བརྗོད།

    ཉེ་ཆར། ལ་ཐོག་གྲོང་ཚོར་བཅའ་སྡོད་པེ་ཅིང་དུ་བཅའ་སྡོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དོན་གཅོད་ཁྲུའུ་ཡི་ལས་དོན་རུ་ཁག་གིས་སྐབས་གསར་པའི་གྲོང་ཚོའི“ཨུ་ལྷན་གཉིས”དང་མཉམ་དུ་གྲོང་ཚོའི་ཏང་ཡོན་ལས་བྱེད་པ་དང་། “གཉིས་ལྡན་དུད་སྦྲེལ”གྱི་སྤྱི་མི། དེ་བཞིན་མང་ཚོགས་ཀྱི་འཐུས་མི་བཅས་ཁྱོན་མི་20ལྷག་ཙམ་སྒྲིག་འཛུགས་བྱས་ནས་ནག་ཆུ་གྲོང་ཁྱེར་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་དྭངས་གསལ་དུས་ཚིགས་སུ་དུར་ཕྱགས་བྱས་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུས་པ་རེད།

    གསར་བརྗེའི་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་གི་མདུན་དུ་མི་ཚང་མས་སྒམ་ནན་ངང་བང་བསྒྲིགས་ཡོད། ཚང་མས་ལག་ཏུ་མེ་ཏོག་དང་དཀར་གཙང་གི་ཁ་བཏགས་བཟུང་ནས་དྲན་གསོའི་རྡོ་རིང་ལ་ཕྱོགས་ཏེ་གུས་འདུད་ལན་གསུམ་ཞུས། དེ་རྗེས་ཚང་མས་མགོ་བོ་བསྒུར་ནས་བོད་ཞི་བས་བཅིངས་འགྲོལ་དང་། དམངས་གཙོའི་བཅོས་སྒྱུར། འཛུཌ་སྐྲུན་འཕེལ་རྒྱས་བཅས་ཀྱི་ཆེད་དུ་དཔའ་ངར་ཆེན་པོས་རང་སྲོག་བློས་གཏོང་མཁན་གསར་བརྗེའི་སྔོན་གཤེགས་དཔའ་བོར་ངག་བསྡམས་ནས་མྱ་ངན་སྐར་མ་གསུམ་ཞུས་ཏེ་སྔོན་གཤེགས་དཔའ་བོར་བཅངས་པའི་མྱ་ངན་སེམས་པ་མཚོན་པར་བྱས་པ་རེད།

    “དེ་རིང་ང་ཚོས་གྲོང་ཚོ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མི་སྒྲིག་འཛུགས་བྱས་ནས་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་ཡོང་དོན་ནི། ཚང་མས་གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མེད་པ་དང་། ད་ལྟ་ང་ཚོའི་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་ཡང་མེད་པ་དེ་ནམ་ཡང་བློ་ལ་བརྟན་པོར་ངེས་ཆེད་ཡིན”ཞེས་ལ་ཐོག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བཀྲ་ཤིས་དབང་ཕྱུག་གིས་བཤད། ཁོང་གིས་ཕ་ཡུལ་གྱི་འགྱུར་ལྡོག་ཞིབ་པར་གླེང་ཞིང་། “ད་ཆ་ལ་ཐོག་གྲོང་ཚོའི་ཁྱིམ་ཚང་ཚང་མ་ཡངས་ཤིང་དཀར་ཆ་དོད་པའི་ཁང་པ་གསར་པར་སྡོད་རྒྱུ་བྱུང་བ་དང་། སྣུམ་ནག་ལམ་ཁྱིམ་གྱི་སྒོ་རྩར་བཏིང་བ། ཕྲུ་གུ་ཚོ་དྲོ་སྐྱིད་ལྡན་པའི་སློབ་ཁང་དུ་བསྡད་ནས་སྤུས་ལེགས་ཀྱི་སློབ་གསོ་དང་ལེན་བྱ་རྒྱུ་བྱུང་བ། ཚང་མས་སྨན་པ་བསྟེན་པ་དང་སྨན་བཅོས་བྱེད་སྐབས་སྨན་བཅོས་འགན་བཅོལ་ཡོད་པ་བཅས། འཚོ་བ་ཇི་ཙམ་སྐྱེལ་བ་དེ་ཙམ་གྱིས་བདེ་སྐྱིད་ལྡན་པར་གྱུར་ཡོད། གནམ་ས་བླ་འོག་གི་འགྱུར་ལྡོག་དེ་དག་ཏང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་བྱུང་བ་ཞིག་རེད། ཆུ་འཐུང་སྐབས་ཁྲོན་པ་འདྲུ་མཁན་མི་བརྗེད་པ་དང་བདེ་སྐྱིད་འཚོ་བ་སྐྱེལ་སྐབས་གུང་ཁྲན་ཏང་མི་བརྗེད་པ་བྱེད་དགོས”ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།