དྭངས་གསལ་དུས་ཚིགས་སུ་རང་ལྗོངས་ཀྱིས་དྲན་གསོའི་བྱེད་སྒོ་སྣ་ཚོགས་སྤེལ་ནས།
དཔའ་བོའི་མཛད་རྗེས་ལ་རྗེས་དྲན་ཞུས་ཏེ་འབད་འབུངས་ཀྱི་སྟོབས་ཤུགས་འཕེལ་བར་བྱས་པ།

འདི་ནི་བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གིས་ལྷ་སའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་དུར་ཕྱགས་བྱེད་སྒོ་སྤེལ་བཞིན་པ།

འདི་ནི་ལྷ་ས་གྲོང་ཁྱེར་སློབ་འབྲིང་བརྒྱད་པའི་སློབ་མས་ལྷ་སའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་གསར་བརྗེའི་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་མདུན་དུ་མེ་ཏོག་སོས་པ་འབུལ་བཞིན་པ།

འདི་ནི་ལྷ་ས་གྲོང་ཁྱེར་གྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་འཐུས་མིས་ལྷ་སའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་གསར་བརྗེའི་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་མདུན་དུ་དད་གུས་ཆེན་པོས་གུས་འདུད་ཞུ་བཞིན་པ།

འདི་ནི་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་རྒྱལ་དར་སྲུང་སྐྱོང་རུ་ཁག་གི་རུ་མིས་དམག་དཔོན་ཐན་ཀོན་སན་གྱི་བང་སོར་མེ་ཏོག་སི་ར་འབུལ་བཞིན་པ།
ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་དྲན་གསོའི་བྱེད་སྒོ་སྣ་ཚོགས་སྤེལ་ནས་དཔའ་བོའི་མཛད་རྗེས་ལ་རྗེས་དྲན་ཞུས་ཏེ་འབད་འབུངས་ཀྱི་སྟོབས་ཤུགས་འཕེལ་བར་བྱས་པ་རེད།
ཉེ་ཆར། མངའ་རིས་ས་ཁུལ་སྒེར་རྩེ་རྫོང་གིས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་དང་། གྲོང་གསེབ་ཀྱི་ཏང་ཡོན་འཐུས་མི། དགེ་སློབ་ཀྱི་འཐུས་མི་བཅས་སྒྲིག་འཛུགས་བྱས་ཏེ་བོད་སྐྱོད་སྔོན་སྐྱོད་ལེན་གྱི་དྲན་གསོའི་རྡོ་རིང་མདུན་དུ་བརྗོད་དོན་གཙོ་བོའི་དྲན་གསོའི་བྱེད་སྒོ་སྤེལ་བ་མ་ཟད། ངག་བསྡམས་ནས་མྱ་ངན་ཞུ་བ་དང་། བོད་སྐྱོད་སྔོན་སྐྱོད་ལེན་གྱི་གསར་བརྗེའི་དྲན་གསོ་ཁང་ལ་ལྟ་སྐོར། དྲན་གསོ་ཁང་ལ་གཙང་སྦྲ་སོགས་བྱས་ཏེ་སྔོན་གཤེགས་དཔའ་བོར་གུས་བཀུར་ཚད་མེད་ཞུ་ལུགས་ཀྱང་མཚོན་པར་བྱས་པ་རེད། གཞིས་རྩེ་གྲོང་ཁྱེར་གྱིས་དུར་ཕྱགས་བྱེད་སྒོ་ཐེངས་མང་སྤེལ་ཞིང་། ནུབ་རྒྱུད་འཐབ་ཁུལ་མཁའ་དམག་གི་དཔུང་སྡེ་ཞིག་གི་དཔོན་དམག་70ཡིས་དམག་ཆས་སྤྲས་ཏེ་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་མེ་ཏོག་སི་ར་འབུལ་བ་དང་། བང་སོའི་རྡོ་རིང་ལ་ཕྱི་བདར་གཏོང་བ། གསར་བརྗེའི་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་དུ་ལྟ་སྐོར་བཅས་བྱས་ཏེ་ལོ་རྒྱུས་ལ་ཕྱིར་དྲན་ཞུས་ནས་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་ཚོར་བ་བྱས་པ་རེད། གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་དང་གཞིས་རྩེ་མེ་གསོད་རོགས་སྐྱོབ་འཕྲལ་སྒྲུབ་རུ་ཆེན་གྱིས“དྭངས་གསལ་དུས་ཚིགས་སུ་སྔོན་གཤེགས་དཔའ་བོར་དུར་ཕྱགས་བྱེད་པའི”བྱེད་སྒོ་སྤེལ་ནས་མཉམ་དུ་རྒྱལ་གླུ་ལེན་པ་དང་། ཏང་ཞུགས་དམ་བཅའ་བསྐྱར་དྲན་བྱེད་པ། རྡོ་རིང་གི་ཡི་གེར་ཚོན་རྩི་དམར་པོ་གཏོང་བ་སོགས་བྱས་ཏེ་གངས་ལྗོངས་ཀྱི་བདེ་འཇགས་སྲུང་སྐྱོང་བའི་འགན་འཁྲིའི་བསམ་པ་མཚོན་པར་བྱས་པ་རེད།
ནག་ཆུ་གྲོང་ཁྱེར་སོག་རྫོང་གིས་རྫོང་ཨུད་དྲིལ་བསྒྲགས་པུའུ་དང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་ཏང་ཀྲི་པུའི་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ“དམག་སྡེ་བཅོ་བརྒྱད་པའི་རྗེས་ཤུལ་འཚོལ། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་དང་། རྩྭ་ཐང་གི་དཔའ་བོ་སྤུས་དག་གི་བྱས་རྗེས་ཉན་པ་དང་། དམག་སྡེ་བཅོ་བརྒྱད་པ་བོད་སྐྱོད་ལམ་བུར་བསྐྱར་དུ་སྐྱོད་པ། ཏང་ཞུགས་དམ་བཅའ་བསྐྱར་དྲན་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་གསར་བརྗེའི་སྔོན་བྱོན་པ་ཚོའི་འགག་སྒྲོལ་དཀའ་སེལ་གྱི་འབད་འཐབ་སྙིང་སྟོབས་ཚོར་བ་བྱས་པ་རེད།
ཉིན་ཤས་བསྟུད་མར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཁྲོམ་གཟིགས་སྒང་དང་བརྒྱད་གཅིག་སོགས་སྡེ་ཁུལ་དང་དེ་བཞིན་ཁྲེང་ཀོན་ཆུས་ཅེ་ཏ་སྐྱེད་ཚལ་ཀུང་སི་སོགས་ཚན་པས་ཏང་ཡོན་ལས་བྱེད་པ་དང་ལས་བཟོའི་འཐུས་མི་སྒྲིག་འཛུགས་བྱས་ནས་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་བསྐྱོད་དེ་མེ་ཏོག་སོས་པ་འབུལ་བ་དང་། ངག་བསྡམས་ནས་མྱ་ངན་ཞུ་བ། ཏང་ཞུགས་དམ་བཅའ་བསྐྱར་འཇོག སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་དུ་རྗེས་དྲན་ཞུ་བ་སོགས་ཀྱི་བྱེད་ཐབས་བརྒྱུད་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ལེན་བྱས་པ་རེད། ཆབ་མདོ་གྲོང་ཁྱེར་གྱི་སྡེ་ཚན་མང་པོས་མཉམ་དུ་དུར་མཆོད་བྱེད་སྒོ་སྤེལ་ཞིང་། སྐམ་དམག་སྨན་ཁང་ཨང་955པའི་དཔོན་དམག་དང་། དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་ཀྱི་ལས་དོན་མི་སྣ། ཆབ་མདོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པ། མཛོ་སྒང་རྫོང་མེ་གསོད་རོགས་སྐྱོབ་འཕྲལ་སྒྲུབ་རུ་ཆེན་གྱི་བཀོད་འཐབ་པ་དང་དེ་བཞིན་ལས་རིགས་ཁག་གི་འཐུས་མི་བཅས་ཀྱིས་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་དུར་ཕྱགས་བྱེད་པ་དང་། བང་སོའི་རྡོ་རིང་ཕྱིས་པ། རྡོ་རིང་གི་ཡི་གེར་ཚོན་རྩི་དམར་པོ་གཏོང་བ། སྔོན་གཤེགས་དཔའ་བོའི་བྱས་རྗེས་བསྐྱར་དྲན་བཅས་བྱས་ཏེ་གུས་བཀུར་ཞུ་སེམས་དེ་ལས་གནས་ལ་གཞི་ཚུགས་ནས་འགན་འཁྲི་གཙང་སྒྲུབ་ཀྱི་བྱ་སྤྱོད་དངོས་ལ་འགྱུར་བ་བྱས་པ་རེད། གོ་འཇོ་རྫོང་གིས་མི་400ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་དུར་ཕྱགས་བྱེད་སྒོར་ཞུགས་ནས་སྤྱི་ཚོགས་ཡོངས་ཀྱིས་སྔོན་གཤེགས་དཔའ་བོར་དྲན་གསོ་དང་གུས་འདུད་ཞུ་ལུགས་མཚོན་པར་བྱས་པ་རེད།
རང་ལྗོངས་ཀྱི་ཚན་པ་ཁག་གིས་བརྡ་ལན་ཧུར་ཐག་ཞུས་ནས་འབད་འབུངས་མཉམ་ཤུགས་གཅིག་སྒྲིལ་བྱས་ཤིང་། བོད་རང་སྐྱོང་ལྗོངས་གཙོ་གནད་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་དོ་དམ་ལྟེ་གནས་སོགས་ཚན་པ་གསུམ་གྱིས་མཉམ་དུ་ཏང་ཡོན་ལས་བྱེད་པ་དང་ལས་བཟོའི་འཐུས་མི་སྒྲིག་འཛུགས་བྱས་ཏེ་ལྷ་སའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ“2026ལོའི་དྭངས་གསལ་དུས་ཚིགས་སུ་སྔོན་གཤེགས་དཔའ་བོར་དུར་ཕྱགས་བྱེད་པའི”བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ནས“ལམ་གཉིས”ཀྱི་སྙིང་སྟོབས་ཁྲོད“གསོ་རླུང་མི་འདང་ཡང་སྙིང་སྟོབས་མི་ཉམས་པའི”སྤྱོད་ཚུལ་བཟང་པོ་ལག་བསྟར་བྱས་པ་རེད། ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་ལྷ་ས་འཕྲིན་གཏོང་འཁོར་ཁང་གི་གུང་གཞོན་སྡེ་ཚོགས་ཀྲི་པུས་ཚོགས་མི་གཞོན་ནུ་སྒྲིག་འཛུགས་བྱས་ནས་སྔོན་གཤེགས་དཔའ་བོར་དུར་ཕྱགས་བྱས་ཏེ་རྒྱལ་གཅེས་ཀྱི་བརྩེ་སེམས་ཟབ་མོ་དེ་མཚོ་བོད་ལྕགས་ལམ་འཕྲིན་གཏོང་གི་འཕར་རྩ་ཆེན་པོ་སྲུང་བའི་བྱ་སྤྱོད་དངོས་སུ་འགྱུར་བ་བྱས་པ་མ་ཟད། ལང་ཚོ་དང་འགན་འཁྲིར་བརྟེན་ནས་ས་མཐོའི་ལྕགས་ལམ་གྱི་བདེ་འཇགས་རྨང་གཞི་བརྟན་དུ་བཏང་བ་རེད། བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གིས་དཔོན་དམག་སྒྲིག་འཛུགས་བྱས་ཏེ་དུར་ཕྱགས་བྱེད་སྒོ་སྤེལ་ནས་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བའི་ཁྲོད་ས་མཐོར་གཞི་ཚུགས་པ་དང་རང་སྲོག་བློས་གཏོང་གི་དད་སེམས་བརྟན་དུ་བཏང་བ་རེད།
བྱེད་སྒོར་ཞུགས་མཁན་ལས་རིགས་ཁག་གི་མི་སྣ་ཚོས་སྔོན་གཤེགས་དཔའ་བོའི་མཛད་རྗེས་བློ་ལ་བརྟན་པོར་ངེས་པ་དང་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱེད་པ་དང་། སྔོན་གཤེགས་དཔའ་བོར་གུས་བཀུར་ཞུ་བའི་བརྩེ་སེམས་དེ་དངོས་སྒྲུབ་ཡར་བརྩོན་གྱི་སྒུལ་ཤུགས་ཆེན་པོར་འགྱུར་བ་བྱེད་པ། རང་འཁྲིའི་ལས་གནས་ལ་གཞི་ཚུགས་པ་དང་དུས་རབས་ཀྱི་འགན་འཁྲི་འཁུར་ཕོད་པ་བཅས་་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་གྱི་ཡིན་ལ། བྱ་སྤྱོད་དངོས་ཀྱི་ཐོག་ནས་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུས་ཏེ་གཟི་བརྗིད་བྱས་རྗེས་མུ་མཐུད་གཏོད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།