རྒྱལ་ཡོངས་སུ་དཔྱིད་ཆུ་འདྲེན་ཁྱོན་མུའུ་དུང་ཕྱུར་1.5ཟིན་པ།
རིམ་རྩིས་བརྒྱབ་ན་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་142མཁོ་འདོན་བྱས་པ།

འདི་ནི་ཧྲན་ཤིས་ཞིང་ཆེན་ཡུང་ཅི་གྲོང་ཁྱེར་ཡུས་ཤང་གྲོང་རྡལ་གྱི་ཞིང་ནང་དུ་དེང་རབས་ཅན་གྱི་ཆུ་གཏོར་སྒྲིག་ཆས་བཀོལ་སྤྱོད་བྱས་ནས་དཔྱིད་ཆུ་གཏོང་བཞིན་པ།
མིག་སྔར། དགུན་གྲོར་དཔྱིད་དུས་གཡོག་བྱེད་ཀྱི་འགག་རྩའི་དུས་སུ་སླེབས་ཤིང་། ས་གནས་ཁག་གིས་སོ་ནམ་དུས་ཚོད་དམ་འཛིན་གྱིས་དཔྱིད་རྨོད་ཐོན་སྐྱེད་ལ་མུ་མཐུད་སྐུལ་འདེད་གཏོང་བཞིན་ཡོད། ཟླ་4ཚེས་3ཉིན་བར། ཞིང་ཆེན་25དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱིས་དཔྱིད་ཆུ་འདྲེན་འགོ་ཚུགས་ཤིང་། རིམ་རྩིས་བརྒྱབ་ན་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་142མཁོ་འདོན་བྱས་པ་དང་ཆུ་འདྲེན་ཁྱོན་མུའུ་དུང་ཕྱུར་1.5ཟིན་ཡོད།
ཞིང་ཆུ་འདྲེན་ཁུལ་ཆེ་འབྲིང་ནི་འབྲུ་རིགས་ཐོན་སྐྱེད་ཀྱི“གཙོ་ཤུགས་དམག”ཡིན་ཞིང་། མིག་སྔར་ཞིང་ཆུ་འདྲེན་ཁུལ་ཆེ་འབྲིང་2891ལ་ཆུ་འདྲེན་འགོ་བཙུགས་པ་དང་། རིམ་རྩིས་བརྒྱབ་ན་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་100དང་ཆུ་འདྲེན་ཁྱོན་མུའུ་ཁྲི་9400ཟིན་ཡོད། ཟླ་4ཚེས་3ཉིན། 2026ལོའི་ཏུའུ་ཅང་ཡན་གྱི་ཆུ་གློད་འགོ་ཚུགས་ཤིང་། སི་ཁྲོན་ཞིང་ཆེན་ཏུའུ་ཅང་ཡན་ཞིང་ཆུ་འདྲེན་ཁུལ་གྱི་2026ལོའི་དཔྱིད་ཆུ་མཁོ་འདོན་འགན་སྲུང་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ་དང་། མུའུ་ཁྲི་1194.5ཡི་ཆུ་འདྲེན་ཁུལ་དུ་ཆུ་མཁོ་འདོན་གྱི་དགོས་མཁོ་སྐོང་རྒྱུ་མ་ཟད། མུའུ་ཁྲི་606.4ཡི་ཆུ་འབྲས་འདེབས་འཛུགས་འགན་ལེན་བྱ་རྒྱུའི་འཆར་གཞི་ཡོད་པ་རེད། ཧེ་ལུང་ཅང་ཞིང་ཆེན་ཆིང་ལུང་ཧྲན་ཞིང་ཆུ་འདྲེན་ཁུལ་གྱི་ཡུར་བུའི་ས་ཚིགས་དང་པོར་ཆུ་འཐེན་འཕྲུལ་འཁོར་ཆེ་གྲས་6གིས་གཅིག་རྗེས་གཉིས་མཐུད་ངང་དཔྱིད་ཆུ་འདྲེན་པའི་ལས་དོན་སྤེལ་འགོ་ཚུགས་ཡོད། ཟླ་4པའི་ཟླ་དཀྱིལ་ནི་ཞིང་ཆུ་འདྲེན་པ་དང་ས་ཁོད་སྙོམས་པར་ཆུ་སྤྱོད་མང་བའི་དུས་ཡིན་པས། ཞིང་ཆུ་འདྲེན་ཁུལ་དུ་ཆུ་གཏོང་བའི་དགོས་མཁོ་སྐོང་གང་ཐུབ་བྱས་ཏེ་དཔྱིད་ཆུ་གཏོང་བའི་ལས་དོན་གོ་རིམ་ལྡན་པ་དང་། ནུས་ཆེ། བདེ་འཇགས་བཅས་ཡོང་བར་སྐུལ་འདེད་བཏང་ཡོད།
ཆུ་བེད་སྡེ་ཚན་གྱིས་ལས་གྲྭའི་རྨང་གཞི་བརྟན་དུ་གཏོང་བ་དང་། ཚན་རིག་དང་མཐུན་པའི་ཆུ་གསོག་འགན་ལེན་བྱེད་པ། ཆུའི་ཐོན་ཁུངས་བཀོད་སྒྲིག་གནད་སྨིན་བཅས་བྱས་ཡོད། ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་ཆུ་བེད་ཐིང་གིས་དཔྱིད་ཆུ་འདྲེན་པའི་མཚམས་ཚིགས་ལ་དམ་པོར་དམིགས་ཏེ། ཆུ་བེད་ལས་གྲྭ་ཉམས་གསོ་དང་བདག་སྐྱོང་གི་ལས་འགན་ནུས་ཆེའི་ངང་ལེགས་སྒྲུབ་བྱས་པ་དང་། ཆུའི་ཐོན་ཁུངས་ཀྱི་འགྱུར་མེད་གཅུན་འདོམས་དེ་བཀོད་སྒྲིག་དང་། བཀོད་གཏོང་། ཆུ་སྤྱོད་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཡོད། དེའི་ནང་། ཉིང་ཞ་རྨ་ཆུའི་ཆུ་འདྲེན་ཁུལ་གྱི་2026ལོའི་དཔྱིད་ཆུ་འདྲེན་པའི་ལས་དོན་དེ་ཉིན་ཤས་གོང་སྤེལ་འགོ་ཚུགས་ཡོད། ཧུའུ་ནན་ཞིང་ཆེན་ཆུ་བེད་ཐིང་གིས“ཞིང་ཆུ་འདྲེན་ཁུལ་གཅིག་ལ་ཐབས་ཇུས་གཅིག”དང་། “རྫོང་གཅིག་ལ་ཐབས་ཇུས་གཅིག”གི་རྩ་དོན་མཐའ་འཁྱོངས་བྱས་ཏེ་དཔྱིད་ཆུ་འདྲེན་པ་དང་ཆུ་མཁོ་འདོན་གྱི་བྱ་ཐབས་ཁག་ཞིབ་ཕྲ་བཟོ་བ་དང་དོན་འཁྱོལ་བྱས་པ་དང་། ཐབས་མང་མཉམ་སྤྱོད་ཀྱིས་ཞིང་ཆུ་འདྲེན་ཚད་མང་དུ་གཏོང་བ། ཆུ་འགོ་མང་པོ་མཉམ་གཏོང་མཉམ་འདོན་དང་ཆུ་འབེལ་དུས་དང་ཐན་དུས་སྙོམས་སྒྲིག་ལ་སྐུལ་འདེད་གཏོང་བ་བཅས་བྱས་པས། ཞིང་ཆུ་འདྲེན་པའི་ཆུ་འགོ་རྒྱུན་མཐུད་འགན་ལེན་ཐུབ་ཡོད། དེའི་ནང་ཟླ་3པའི་ཟླ་དཀྱིལ་དུ་ཅིའུ་པུའུ་ཅང་ཞིང་ཆུ་འདྲེན་ཁུལ་དུ་ཆུ་གསོག་ལས་དོན་སྔ་སྣུར་དུ་སྤེལ་བ་དང་སྔ་སྨིན་ཆུ་འབྲས་འདེབས་འཛུགས་དང་དཔྱིད་རྨོད་ཐོན་སྐྱེད་ཀྱི་ཆུ་འགན་ལེན་བྱས་ཡོད།
གཞན་ཡང་། ཆུ་བེད་སྡེ་ཚན་གྱིས་གྲངས་འཛིན་ལག་རྩལ་གང་ལེགས་སྤྱད་དེ་ཞིང་ཆུ་འདྲེན་ཁུལ་གྱི་ཞིང་ནང་ལོ་ཏོག་ལ་ཆུ་འདྲེན་སྐབས་ཀྱི་ཆུའི་དགོས་མཁོ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།