ཉིང་ཞ་ཀུའུ་ཡོན་གྱི“བསམ་བློ་ཆབ་སྲིད་སློབ་ཚན་འགུལ་རྣམ་ཅན”གྱིས་གཞོན་ནུ་སློབ་མར་ཁྲིད་སྟོན་བྱས་པ།
གསར་བརྗེའི་ས་བོན་རྒྱུན་འཛིན་གྱིས། མི་རིགས་རྐང་འཛིན་ཧུར་ཐག་བྱེད།

འདི་ནི་ཟླ་4ཚེས་3ཉིན། ཉིང་ཞ་ཀུའུ་ཡོན་སློབ་འབྲིང་གཉིས་པའི་དགེ་སློབ་ཚོས་རེན་ཧྲན་ཧའོ་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ་བཞིན་པ།
ཟླ་4ཚེས་3ཉིན་གྱི་ཐོ་རེངས་སུ་ཉིང་ཞ་ཀུའུ་ཡོན་གྲོང་ཁྱེར་ཧུང་ཝུན་སློབ་འབྲིང་དང་ཀུའུ་ཡོན་སློབ་འབྲིང་གཉིས་པའི་སློབ་མ་2000ལྷག་ཙམ་གྲལ་སྟར་འགྲིག་པོས་བང་བསྒྲིགས་ཤིང་། “རྡོག་ཐོན”གྱི་བཀའ་རྒྱ་འབྱོར་བ་དང་བསྟུན་ནས་དགེ་སློབ་ཚོས་བཀྲག་མདངས་འཚེར་བའི་སྐར་ལྔའི་དར་དམར་བསྒྲེངས་ནས་ལེ་དབར་100ལྷག་ཙམ་གྱི་རི་ལམ་ཀྱག་ཀྱོག་ཏུ་རྐང་ཐང་མར་ཕེང་དབྱང་རྫོང་གི་རེན་ཧྲན་ཧའོ་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་བསྐྱོད་ནས་དེ་གར་པུར་འཇུག་ཞུས་པའི་སྔོན་གཤེགས་དཔའ་བོར་མཆོད་འབུལ་ཞུས་པ་རེད།
ལོ་77གོང་། རེན་ཧྲན་ཧའོ་གཡུལ་འགྱེད་བྱས་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོའི་ཁྲག་དྲོན་གྱིས་ས་གཞི་དེ་ཡོངས་སུ་བརླན། 1995ལོའི་དྭངས་གསལ་དུས་ཚིགས་ཀྱི་སྔ་ནུབ་ཏུ་ཀུའུ་ཡོན་སློབ་འབྲིང་གཉིས་པའི་དམའ་རིམ་སློབ་འབྲིང་ལོ་རིམ་དང་པོའི་དགེ་སློབ་300ལྷག་ཙམ་རི་ལམ་དེར་ཐོག་མར་བསྐྱོད་དེ“བསམ་བློ་ཆབ་སྲིད་སློབ་ཚན་འགུལ་རྣམ་ཅན”དེ་འགོ་ཚུགས། ལོ་31རིང་། དགེ་སློབ་ཚོས་ལོ་ལྟར་དེ་གར་མཆོད་འབུལ་བྱེད་མཚམས་ཆད་མྱོང་མེད་ཅིང་། མིག་སྔའི་བར་སློབ་མ་ཁྲི་3ལྷག་ཙམ་དད་མོས་འབྲེལ་མཐུད་ཀྱི་བྱེད་སྒོ་དེའི་ནང་ཞུགས་ཡོད།
རི་ཚོགས་ཁྲོད་དུ་དགེ་སློབ་ཚོའི་རྐང་ཐང་རུ་ཁག་ནི་གཡུ་འབྲུག་འཁྱུག་པ་དང་འདྲ། བཀྲག་མདངས་འཚེར་བའི་སྐར་ལྔའི་དར་དམར་དེའི་ཁྲོད་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས། འདི་ལོའི་དཔུང་ཁག་ཧ་ཅང་ཆེན་པོ་ཡོད་པ་དང་དེའི་ནང་ཞུགས་མཁན་སློབ་གྲྭ་མང་པོའི་དགེ་སློབ་དང་དེ་བཞིན་རང་འགུལ་ངང་ཞུགས་པའི་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་700ལྷག་ཙམ་བཅས་ཁྱོན་མི་3000ལྷག་ཙམ་ཡོད་པ་དང་། ཚང་མ་གྲལ་སྟར་འགྲིག་པོས་སྐྱོད་བཞིན་མཆིས།
“བང་སོའི་སྐྱེད་ཚལ་དུ་བཞུགས་པའི་སྔོན་གཤེགས་དཔའ་བོའི་ཁྲོད། ལོ་བཅུ་དྲུག་བཅུ་བདུན་ལ་སླེབས་པའི་ན་གཞོན་འཐབ་འཛིང་པ་མང་པོ་ཡོད། ཧུང་ཝུན་སློབ་འབྲིང་དམའ་རིམ་སློབ་འབྲིང་དང་པོའི་སློབ་མ་མཱ་ཅ་ཧུའེ་ཡིས་རེན་ཧྲན་ཧའོ་གཡུལ་འགྱེད་ཀྱི་ལོ་རྒྱུས་ཤེས་བྱ་སྔ་སྣུར་དུ་སློབ་སྦྱོང་དང་ཤེས་རྟོགས་བྱས་ཤིང་། སློབ་མ་དེས་གུས་བཀུར་གྱི་བསམ་པ་འཆང་བཞིན་དུ་དཔུང་ཁག་གི་རྗེས་སུ་འབྲངས་པ་དང་ལམ་འགྲམ་གྱི་མེ་ཏོག་འཚོལ་གྱིན་སྔོན་གཤེགས་དཔའ་བོར་མེ་ཏོག་ཆུན་པོ་ཞིག་བཏུས་ནས་འབུལ་རྩིས་བྱེད་བཞིན་ཡོད།
སྔ་དྲོའི་ཆུ་ཚོད་10པ་ཙམ་ལ། དཔུང་ཁག་གཅིག་རྗེས་གཉིས་མཐུད་ངང་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་འབྱོར། ཚང་མས་ངག་བསྡམས་ནས་མྱ་ངན་ཞུས་པ་དང་འབྲེལ་བང་སོའི་རྡོ་རིང་རེ་རེ་བཞིན་ལ་གཙང་འཕྱག་དང་མེ་ཏོག་ཕུལ་ནས་མྱ་ངན་ཞུ་ལུགས་མཚོན་པར་བྱས་པ་རེད། ཐང་ཤིང་སྔོན་པོས་སྐད་ཆ་ཤོད་མི་ཤེས་པ་དང་རི་ཚོགས་ལྷིང་འཇགས་ངེར་གནས་ཀྱང་། སྔོན་གཤེགས་དཔའ་བོའི་མཛད་རྗེས་མི་རྣམས་ཀྱི་སེམས་ནང་གཏིང་ཟབ་ཏུ་ཟུག་ཡོད།
སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་ལས་ཀ་བྱས་ནས་ལོ་30ཙམ་སོང་བའི་དབྱང་པིང་ཤོན་སྐབས་དེ་དུས་མི་ཚོགས་ཁྲོད་ལངས་ནས་མིག་ལ་མཆི་ཞག་འཁོར།
ཁོང་གིས་དེ་ནི་སྔོན་གཤེགས་དཔའ་བོར་མཆོད་འབུལ་བྱེད་མཁན་དགེ་སློབ་ཁག་ག་ཚོད་ཡིན་པ་དེ་གསལ་པོར་དྲན་གྱི་མེད་མོད། འོན་ཀྱང་ཡོང་ཐེངས་རེ་རེར་སེམས་འགུལ་ཆེན་པོ་ཐེབས་ཀྱི་ཡོད། དབྱང་པིང་ཤོན་སྔོན་ཆད་སྔོན་གཤེགས་དཔའ་བོའི་པུར་རུས་ལེགས་སྒྲིག་དང་པུར་འཇུག་ལ་ཞུགས་མྱོང་ཡོད། དྭངས་གསལ་དུས་ཚིགས་སླེབས་རིམ་བཞིན་ཁོང་གིས་མཆོད་འབུལ་ལ་ཡོང་མཁན་དགེ་སློབ་ཚོར་རང་ཉིད་ཀྱིས་ཤེས་རྟོགས་བྱུང་བའི་སྔོན་གཤེགས་དཔའ་བོའི་མཛད་རྗེས་ཤོད་ཀྱི་ཡོད། “རྐང་ཐང་མར་སྔོན་གཤེགས་དཔའ་བོར་མཆོད་འབུལ་བྱེད་པའི་བྱེད་སྒོར་ཞུགས་མཁན་ཇེ་མང་དུ་འགྲོ་བ་དང་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱེད་མཁན་ཡོད་པས་སྔོན་གཤེགས་དཔའ་བོ་ཚོ་དགྱེས་ཚོར་ཆེན་པོ་ཡོང་ངེས་རེད”
“བསམ་བློ་ཆབ་སྲིད་སློབ་ཚན་འགུལ་རྣམ་ཅན”དེ་ཀུའུ་ཡོན་གྲོང་ཁྱེར་གྱི་ལག་ལེན་ཁྲོད་མི་སྣ་གསོ་སྐྱོང་བྱེད་པའི་སྤུས་རྟགས་སུ་གྱུར་པ་མ་ཟད། རྒྱལ་ཡོངས་ཀྱི“བསམ་བློའི་བླ་སྲོག་གཏོད་པ་དང་དྲ་ཐོག་ནས་མི་སྣ་གསར་པ་གསོ་སྐྱོང་བྱེད་པའི”བསམ་བློ་ཆབ་སྲིད་སློབ་ཚན་ཆེ་མོའི་ཕུལ་བྱུང་དཔེ་མཚོན་ནང་བདམས་ཡོད། “གཞུང་ལུགས་སྟོང་བཤད་བྱེད་པ་ལས་རྡོ་ལ་རི་མོ་བརྐོས་པ་ལྟར་གྱི་དངོས་སུ་ཐེངས་གཅིག་བསྐྱོད་ན་ཡག་པོ་ཡོད། དུས་རབས་ཇི་ལྟར་འགྱུར་རུང་། བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་དེ་ལྟ་བུ་ང་ཚོས་མུ་མཐུད་རྒྱུན་འཁྱོངས་བྱེད་དགོས”ཞེས་ཧུང་ཝུན་སློབ་འབྲིང་གི་སློབ་སྤྱི་རེན་ཧའོ་ཡིས་བཤད་ཅིང་། ཁོང་གིས་གསར་བརྗེའི་སྔོན་གཤེགས་དཔའ་བོའི་འཐབ་འཛིང་གི་རྗེས་ཤུལ་རྩད་གཅོད་བྱེད་པའི་དམིགས་ཡུལ་ནི་བསམ་བློ་ཆབ་སྲིད་ཀྱི་སློབ་ཁང་དེ་གསར་བརྗེའི་ས་རྒྱུ་གཤིན་པོ་དང་འདྲེས་པར་བྱས་ནས་གཞོན་ནུ་སློབ་མ་ཚོར་དད་སེམས་ཀྱི་སྟོབས་ཤུགས་ཚོར་བ་དང་གསར་བརྗེའི་ས་བོན་རྒྱུན་འཛིན་བྱས་ཏེ་མི་རིགས་ཀྱི་རྐང་འཛིན་པ་ཞིག་ཧུར་ཐག་བྱེད་པར་ཁྲིད་སྟོན་བྱ་རྒྱུ་དེ་རེད་ཅེས་བཤད།
འབྲེལ་ཡོད་གསར་འགྱུར།