བྱ་དགའ་ཡོད་པའི་སྤ་སེའི་ཚོད་ལྟའི་གྲོང་ཁྱེར་གྱིས་བྱ་དགའི་དངུལ་སྒོར་དུང་ཕྱུར་18.5བཏང་བ།
འཛད་སྤྱོད་ཀྱི་གཏིང་ཤུགས་སྔར་བས་ཆེ་རུ་གཏོང་ཆེད། ནོར་སྲིད་པུའུ་དང་། ཚོང་དོན་པུའུ། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་བཅས་ཀྱིས་2026ལོའི་ལོ་འགོ་ནས་བཟུང་གྲོང་ཁྱེར་50རུ་དུས་ཡུན་ཟླ་བ་དྲུག་གི་བྱ་དགའ་ཡོད་པའི་སྤ་སེའི་ཚོད་ལྟའི་བྱེད་སྒོ་སྤེལ་བ་རེད། ཟླ་3ཚེས་12ཉིན་བར། བྱ་དགའ་ཡོད་པའི་སྤ་སེའི་ཚོད་ལྟའི་གྲོང་ཁྱེར་གྱིས་བྱ་དགའི་དངུལ་སྒོར་དུང་ཕྱུར་18.5བཏང་བར་རིམ་རྩིས་བརྒྱབ་ན་མི་ཐེངས་དུང་ཕྱུར་2.3བྱེད་སྒོའི་ནང་ཞུགས་པའི་ཡིད་དབང་བཀུག་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་རགས་ཙམ་མངོན་ཡོད།
བྱ་དགའ་ཡོད་པའི་སྤ་སེའི་བྱེད་སྒོ་སྤེལ་རིང་འཛད་སྤྱོད་པ་དང་ཚོང་པ་འགའ་རེས་བྱ་དགའ་ཐོབ་མང་དུ་གཏོང་ཆེད། བྱ་དགའ་སྤྲོད་འགོ་ཚུགས་རྗེས་སྒྲིག་འགལ་གྱི་སྤ་སེ་དམར་པོས་སྤ་སེའི་ཚབ་བྱེད་པ་དང་སྤ་སེ་ཡང་ནས་བསྐྱར་དུ་གོ་མི་ཆོད་པར་བཟོ་བ་སོགས་ཀྱི་བྱེད་སྤྱོད་སྤེལ་ཏེ། བྱེད་སྒོའི་སྒྲིག་སྲོལ་ལས་འགལ་བ་དང་བྱེད་སྒོའི་ནང་དྲང་གཞག་ངང་ཞུགས་པའི་སྒྲིག་ལམ་ལ་གཏོར་བཤིག་བཏང་ནས་རྒྱ་ཆེའི་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་ཡོད། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་བསྡུ་ལེན་དོ་དམ་དང་ཚན་རྩལ་འཕེལ་རྒྱས་སིའི་འབྲེལ་ཡོད་འགན་འཁུར་བས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤ་སེ་དོ་དམ་བྱ་ཐབས》དང་དེ་བཞིན་ལག་བསྟར་ཞིབ་སྲོལ་གྱི་འབྲེལ་ཡོད་བླང་བྱ་གཞིར་བཟུང་། བྱ་དགའ་ཡོད་པའི་སྤ་སེའི་བྱེད་སྒོ་སྤེལ་རིང་འབྲེལ་ཡོད་སྡེ་ཚན་གྱིས་མཉམ་དུ་གཤམ་གསལ་གྱི་སྒྲིག་འགལ་གནས་ཚུལ་ཁག་ལ་གཙོ་གནད་ཐོག་ལྟ་སྐུལ་ཚོད་འཛིན་དང་ཞིབ་བཤེར་ཐག་གཅོད་བྱེད་རྒྱུ་རེད་ཅེས་བཤད་པ་རེད།
གཅིག་ནི་སྒྲིག་འགལ་ངང་སྤ་སེ་རྫུན་མ་སྤྲོད་པ་སྟེ། བྱ་དགའ་ཡོད་པའི་སྤ་སེའི་བྱེད་སྒོའི་ནང་ཞུགས་ཆེད་དངོས་སུ་འཛད་སྤྱོད་བྱས་མེད་པའམ་ཡང་ན་དངོས་སུ་འཛད་སྤྱོད་བྱས་པའི་གནས་ཚུལ་དང་མ་མཐུན་པའི་སྤ་སེ་སྤྲོད་པ་དང་། གཉིས་ནི་ལུགས་དང་མི་མཐུན་པའི་སྒོ་ནས་ལོགས་སུ་དགར་བའམ་ཡང་ན་ཕན་ཚུན་ཟླ་སྒྲིལ་བཏང་ནས་སྤ་སེ་སྤྲོད་ཀྱི་ཡོད། བྱ་དགའ་ཐོབ་པའི་གོ་སྐབས་དེ་བས་མང་བ་ཡོང་ཆེད་འཛད་སྤྱོད་དངུལ་གྲངས་ལུགས་དང་མི་མཐུན་པའམ་ཡང་ན་དོན་དངོས་ཀྱི་གནས་ཚུལ་དང་མི་མཐུན་པའི་སྒོ་ནས་ལོགས་སུ་དགར་བའམ་ཡང་ན་ཕན་ཚུན་ཟླ་སྒྲིལ་བཏང་ནས་སྤ་སེ་སྤྲོད་པ། གསུམ་ནི་སྒྲིག་འགལ་གྱི་སྤ་སེ་དམར་པོས་སྤ་སེའི་ཚབ་བྱེད་པ་སྟེ། ཚོང་ཕྱིར་སློག་པ་དང་། སྤ་སེ་འབྲི་ནོར་ཤོར་བ། ཁྲལ་འཇལ་ཞབས་ཞུ་མཚམས་བཞག་པ། ཕྱིར་ཚོང་ཕབ་ཆ་སོགས་ཀྱི་གནས་ཚུལ་གང་ཡང་མེད་པའི་འོག་སྤ་སེ་དམར་པོ་འབྲི་བའམ་ཡང་ན་འཛད་སྤྱོད་རིགས་གཅིག་ལ་དམིགས་ཏེ། ཉོ་མཁན་ཕྱོགས་ཀྱི་ཆ་འཕྲིན་བཟོ་བཅོས་བརྒྱབ་ནས་སྤ་སེ་དམར་པོ་ཡང་ནས་བསྐྱར་དུ་བྲིས་རྗེས་སྤ་སེ་སྤྲོད་པ་བཅས་རེད།
འབྲེལ་ཡོད་གསར་འགྱུར།