དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • མིའི་རིགས་ཀྱི་ཤེས་དཔལ་ཁྲོད་ནས་འཆམ་མཐུན་མཉམ་གནས་ཀྱི་སྟོབས་ཤུགས་བསྐྱར་དུ་ལེན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ལིའུ་ལིང་ལིང་། ཆུས་ཕེ།   |     སྤེལ་དུས།  2026-04-06

    དེང་སྐབས་འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འབྱུང་བཞིན་ཡོད་ཅིང་། འཕོ་འགྱུར་དང་ཟང་ཟིང་ལྷན་དུ་གནས་ལ། དམག་འཁྲུག་དང་གདོང་ཐུག་ཀྱང་མང་པོ་འབྱུང་བཞིན་ཡོད། ཨུ་རུ་སུ་དང་ཡུག་རེན་གྱི་གདོང་ཐུག་ད་དུང་མ་འཇགས་པ་ནས་དབུས་ཤར་ས་ཁུལ་དམག་འཁྲུག་གི་གནས་སུ་ལྷུང་བ་སོགས། འཛམ་གླིང་དམག་ཆེན་གཉིས་པ་མཇུག་འགྲིལ་ནས་ལོ་80ལྷག་ཙམ་སོང་རྗེས་ཀྱི་དེང་གི་དུས་འདིར། མིའི་རིགས་སླར་ཡང་གང་འགྲོ་འདི་འགྲོ་མེད་པའི་ལམ་བཞི་མདོ་ཁར་གནས་ཡོད།

    2023ལོའི་ཟླ་3ཚེས་15ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་མཐོ་རིམ་གླེང་མོལ་ཚོགས་འདུའི་ཐོག་གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་གཟབ་ནན་ངང་བཏོན་ཏེ་ཤེས་དཔལ་སྤེལ་རེས་ལ་བརྟེན་ནས་ཤེས་དཔལ་གྱི་འགལ་བ་ལས་བརྒལ་བ་དང་། ཤེས་དཔལ་ཕན་ཚུན་དཔྱད་གཞིར་བཟུང་ནས་ཤེས་དཔལ་གྱི་གདོང་ཐུག་ལས་བརྒལ་བ། ཤེས་དཔལ་བསྟུན་མཁས་ལ་བརྟེན་ནས་ཤེས་དཔལ་བྱེ་བྲག་ཁྱད་འཕགས་ཀྱི་འདུ་ཤེས་ལས་བརྒལ་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད། གྲོས་འགོ་དེ་ནི་ཀྲུང་ཧྭའི་ཤེས་དཔལ་གྱི“བསྟུན་ཀྱང་གཅིག་མཚུངས་མི་བྱེད་པའི”མཚན་ཉིད་རིག་པའི་སྲོལ་རྒྱུན་ལ་རྩ་བ་ཚུགས་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི“ཞི་བདེའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པའི”ལག་ལེན་གྱི་གཏན་ཚིགས་ལ་གཞི་ཚུགས་ནས་མུན་ནག་ཁྲོད་ཀྱི་ཉི་འོད་དང་འདྲ་བར། སྣ་མང་མཉམ་གནས་དང་མི་མཐུན་པ་དང་འགྲན་ཟླས་ཁེངས་པའི་འཛམ་གླིང་འདིར་ང་ཚོས་མིའི་རིགས་ཀྱི་ཤེས་དཔལ་ཁྲོད་ནས་འཆམ་མཐུན་མཉམ་གནས་ཀྱི་སྟོབས་ཤུགས་བསྐྱར་དུ་བླངས་ཚེ། ད་གཟོད་མིག་མདུན་གྱི་ཟང་ཟིང་ལས་ཐར་ཏེ་ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་བཅག་ཐོག་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་བསུ་ཐུབ་པའི་དྲན་སྐུལ་བྱས་ཡོད།

    དུས་ཀྱི་འགྱུར་བ་གསལ་རྟོགས་བྱས་ནས་འབྱུང་འགྱུར་གྱི་བློ་སྒོ་ཕྱེ་བ།

    ཉིན་ཤས་གོང་། 《འཛམ་གླིང་ཤུལ་བཞག་གི་མིང་གཞུང》ནང་བཅུག་པའི་དབྱི་རན་གྱི་ཀུའུ་ལའེ་སི་ཐན་ཕོ་བྲང་དང་། དབྱི་སི་རལ་གྱི་ཐེ་ལ་ཝུའེ་ཧྥུའུ་པའེ་གྲོང་། ལེ་པ་ནོན་གྱི་ཐིར་གནའ་གྲོང་བཅས་ལ་དམག་འཁྲུག་གི་མེ་ལྕེའི་ཁྲོད་གཏོར་སྐྱོན་ཕོག་པ་རེད། དེ་ནི་སོ་ཕག་དང་གནའ་ཤུལ་ལ་གཏོར་སྐྱོན་ཕོག་པ་ཙམ་མ་ཟད། མིའི་རིགས་ཀྱི་ཐུན་མོང་གི་དྲན་ཤེས་དང་རྒྱུན་འཛིན་ལ་རྨས་སྐྱོན་ཕོག་པ་ཞིག་དེ་བས་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས་འཛམ་གླིང་འདི“རང་སྣང་གང་ཤར་གྱིས་གཏོར་བཤིག་གཏོང་བ་དང་དཀའ་སྡུག་རྫོགས་མཐའ་མེད་པ་མཉམ་དུ་གནས་པའི”ཉེན་ཁའི་དུས་སྐབས་ཤིག་ཏུ་སླེབས་བཞིན་ཡོད་ཅེས་ཐ་ཚིག་བསྒྲགས་པ་རེད།

    “དམག་འཁྲུག་ནི་མིའི་བསམ་བློ་ལས་བྱུང་བ་ཞིག་ཡིན་པས། མིའི་བསམ་བློར་ཞི་བདེ་སྲུང་སྐྱོབ་ཀྱི་སྲུང་བཅད་ཅིག་སྐྲུན་དགོས”གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོའི་རྩ་བ་ནི་བསམ་བློའི་འབྱུང་རྩ་ནས་གདོང་ཐུག་གི་ས་བོན་གཙང་སེལ་བྱ་རྒྱུ་དེ་རེད། དེས་འཛམ་གླིང་གི་ཤེས་དཔལ་སྣ་མང་རང་བཞིན་ལ་བརྩི་འཇོག་དར་སྤེལ་བཏང་ནས་ཤེས་དཔལ་ཚང་མར་ཐུན་མོང་མ་ཡིན་པའི་འཚོ་གནས་ཀྱི་བློ་གྲོས་འདུས་ཡོད་པའི་ངོས་འཛིན་བྱེད་པ་དང་། དེས་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་བ་དང་། ཧེ་བག་ལས་བརྒལ་ནས་མཐུན་ཆ་ཆེ་ཤོས་འཚོལ་ཞིབ་བྱེད་ཅིང་། དེས་ཤེས་དཔལ་རྒྱུན་འཛིན་དང་གསར་གཏོད་ལ་མཐོང་ཆེན་བྱས་ནས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་ནས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་བློ་གྲོས་བསྡུ་ལེན་བྱེད་པའི་འབོད་སྐུལ་བྱེད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མི་ཆོས་རིག་གནས་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་འབོད་སྐུལ་བྱས་ནས་ལྷག་བསམ་ཟོལ་མེད་ཀྱི་སྐད་ཆ་ཤོད་རེས་བརྒྱུད་ཤེས་དཔལ་མི་འདྲ་བའི་མི་ཚོས་ཕན་ཚུན་རྒྱུས་མངའ་ལོན་བྱེད་པ་རེད།

    འཆམ་མཐུན་མཉམ་གནས་ལམ་བུའི་ལོ་རྒྱུས་ཡུན་རིང་ལྡན་པ།

    གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་ནི་ཀྲུང་ཧྭའི་ཤེས་དཔལ་ལོ་རྒྱུས་ཀྱི་རྨང་གཞི་མཐུག་པོའི་རྒྱ་སྐྱེད་ཅིག་རེད།

    དེང་རབས་འཛམ་གླིང་གི་དཀའ་ངལ་ལ་ཁ་གཏད་གཅོག་པའི་ཀྲུང་གོའི་ཇུས་གཞི་ཞིག་ཡིན་པའི་ངོས་ནས། གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁས་ལེན་རྒྱ་ཁྱབ་ཐོབ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་དང་དེ་བཞིན་ཕྱོགས་གཉིས་དང་ཕྱོགས་མང་གི་ཡིག་ཆ་སྣ་ཚོགས་ནང་ཐེངས་མང་བྲིས་ཡོད། སྐབས་དོན་བརྒྱད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་ཟླ་6ཚེས་10ཉིན“ཤེས་དཔལ་སྐད་ཆ་ཤོད་རེས་ཀྱི་རྒྱལ་སྤྱིའི་ཉིན་མོར”གཏན་འཁེལ་བྱས་པ་ལས། འདུ་ཤེས་དེ་གོ་ལ་ཧྲིལ་པོའི་ལམ་སྲོལ་རང་བཞིན་གྱི་བཀོད་སྒྲིག་ཏུ་གྱུར་པ་དང་། ཀྲུང་གོའི་འཆམ་མཐུན་མཉམ་གནས་ཀྱི་བློ་གྲོས་དེ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཇུས་གཞིའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཏུ་གྱུར་པ་མཚོན་ཡོད།

    ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པ་ནི་མངོན་སུམ་དུ་འགྱུར་ཐུབ་པ་ཞིག་ཡིན།

    2026ལོའི་སྨི་ལན་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག ཀྲུང་གོའི་ཀང་ཆིན་མཁས་ཅན་ལང་ལང་གིས་དབྱི་ཐ་ལིའི་བུད་མེད་གླུ་གཞས་མཁས་ཅན་སའེ་ཤིས་ལི་ཡ·པ་ཐུའོ་ལི་དང་མཉམ་དུ《ཨོ་ལིམ་ཕིག་ལ་བསྟོད་གླུ་འབུལ》ཞེས་པ་དཀྲོལ་གཏོང་བྱས་པ་དང་། ཨེ་ཅིབ་ཀྱི་ལུའུ་ཁེ་སུའོ་རུ་ཀྲུང་གོ་དང་ཨེ་ཅིབ་ཀྱི་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རུ་ཁག་གིས་ལོ་རྒྱུས་ཀྱི་ཐལ་རྡུལ་འཕྱིས་ནས་ཤེས་དཔལ་ཆེན་པོ་གཉིས་ཀྱི་འདས་སོང་ལོ་རྒྱུས་དེང་དུས་སུ་སྤེལ་རེས་ཐུབ་པ་སོགས། ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་དེ་བྱེ་བྲག་དང་ཚོར་ཤེས་ཐུབ་པའི་སྒོ་ནས་མངོན་བཞིན་ཡོད།

    ཀྲུང་གོས་གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་ལག་བསྟར་ཧུར་ཐག་བྱེད་བཞིན་ཡོད་ཅིང་། ཨེ་ཤེ་ཡའི་ཤེས་དཔལ་སྐད་ཆ་ཤོད་རེས་ཚོགས་ཆེན་དང་། ལེང་ཀྲུའུ་གླེང་སྟེགས། འཛམ་གླིང་གནའ་གཞུང་རིག་པའི་ཚོགས་ཆེན། གོ་ལ་ཧྲིལ་པོའི་ཤེས་དཔལ་སྐད་ཆ་ཤོད་རེས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་སོགས་རིམ་པ་མང་བའི་རྒྱལ་སྤྱིའི་ལས་སྟེགས་བཙུགས་ཤིང་། ཕྱི་རྒྱལ་བ་ཀྲུང་གོར་ཡོང་བའི་ཐོངས་མཆན་དང་གནས་སྡོད་ཀྱི་སྲིད་ཇུས་ལེགས་སུ་བཏང་སྟེ། མི་ཆོས་རིག་གནས་ཀྱི་སྤེལ་རེས་བྱེད་སྒོ་རྣམ་པ་སྣ་ཚོགས་སྤེལ་བ་རེད།

    ཕན་ཚུན་སྐྱོང་སྤེལ་དང་གྲུབ་འབྲས་ཐོབ་པར་བྱེད་པ།

    ལོ་གསར་པ་ཚེས་འགོ་ནས། རྒྱལ་ཁབ་མང་པོའི་སྲིད་ཕྱོགས་མི་སྣ་གལ་ཆེན་ཀྲུང་གོར་འཛོམས་ཏེ“ཀྲུང་གོར་འཚམས་འདྲིར་སྐྱོད་པའི་ཚ་རླབས”འཕྱུར་ཡོད།

    ཧྥིན་ལན་གྱི་ཙུང་ལི་ཨོར་པོ་ཡིས་བྲེལ་བ་ཆེ་བའི་ཉིན་རེའི་གྲོས་རིམ་ནང་ཆེད་མངགས་གནའ་བོའི་ཕོ་བྲང་ལ་ལྟ་སྐོར་བྱས་ཤིང་། ཐོག་བརྩེགས་ཁང་ཆེན་གྲལ་སྟར་འགྲིག་པའི་དེང་རབས་ཅན་གྱི་གྲོང་ཁྱེར་ལྟེ་གནས་སུ་དབེན་འཇམ་ངང་ཀྲོང་ངེར་འགྱིང་བའི་ཕོ་བྲང་དེར་ལྟ་བཞིན། གནའ་དེང་མཉམ་གནས་མཉམ་འདྲེས་ལ་ངོ་མཚར་ཆེན་པོ་སྐྱེས།

    དབྱིན་ཇིའི་དབུ་བཞུཌ་བློན་ཆེན་སི་ཐ་མོ་ཡིས“ལོང་བས་གླང་ཆེན་རེག་པ”ཞེས་པའི་དཔེ་ཆོས་དྲངས་ཏེ་འཛམ་གླིང་གི་ཡུལ་ལུང་མང་པོས་ད་དུང་ཡང་ཀྲུང་གོར་ཆ་ཡོངས་ནས་ཤེས་རྟོགས་ཐུབ་མེད་ཅེས་དྲང་པོར་བརྗོད་ཅིང་། ཁོང་གིས་བལྟས་ན། ཀྲུང་གོ་དང་སྔར་བས་རྒྱ་ཆེ་ལ་གཏིང་ཟབ་པའི་སྒོ་ནས་འབྲེལ་འདྲིས་བྱེད་པ་ནི“གནས་སྟངས་ཡོངས་གསལ་པོར་རྟོགས་བྱས་ནས་སྔར་བས་འཐུས་སྒོ་ཚང་བ་དང་དུས་རབས་ཀྱི་བླང་བྱར་འཚམ་པའི་འབྲེལ་བ་འཛུགས་པའི་བྱ་ཐབས”ཤིག་རེད།

    འཚམས་འདྲིར་ཡོང་མཁན་རྣམ་པའི་མྱོང་རྟོགས་ལས་གནས་ལུགས་ཟབ་མོ་ཞིག་བསྟན་པ་སྟེ། ད་ཆའི་འཛམ་གླིང་གི་གནད་དོན་སྣ་ཚོགས་མཐར་གཏུགས་ན་ཤེས་དཔལ་སྣ་མང་རང་བཞིན་ཐད་ལ་ངོས་འཛིན་གྱི་གནད་དོན་རེད། རྒྱལ་ཁབ་སོ་སོའི་དེང་རབས་ཅན་གྱི་བགྲོད་ལམ་ནི་དེ་གའི་ཐུན་མོང་མིན་པའི་ཤེས་དཔལ་རྒྱུན་འཛིན་ལ་རྩ་བ་བཙུགས་པ་དང་། རང་ཚུགས་རང་བདག་ངང་རང་ངོས་འཕེལ་རྒྱས་ལམ་བུ་འཚོལ་ཞིབ་ཀྱི་ཁེ་དབང་བཙན་འཕྲོག་བྱེད་མི་རུང་། ཀྲུང་གོས་སྒོ་དབྱེ་བསྟུན་མཁས་ཀྱི་རྣམ་འགྱུར་ལ་བརྟེན་ནས་འཛམ་གླིང་འཕེལ་རྒྱས་ཀྱི་བརྒྱུད་རིམ་ནང་མཉམ་འདྲེས་ཧུར་ཐག་བྱས་པར་བརྟེན། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཐད་ཀྱི་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་མངོན་འགྱུར་བྱུང་བ་མ་ཟད། ཤེས་དཔལ་མི་འདྲ་བ་དག་འདྲ་མཉམ་ངང་གནས་པ་དང་། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པའི་ཁྲོད་འཆམ་མཐུན་མཉམ་གནས་ཐུབ་པར་ཡང་བདེན་དཔང་ནུས་ལྡན་བྱས་ཡོད། ཤེས་དཔལ་བར་གྱི་ཁྱད་པར་ནི་གདོང་ཐུག་གི་འབྱུང་རྩ་ཡིན་མི་འོས་པར་ཕན་ཚུན་སྐྱོང་སྤེལ་དང་མཉམ་དུ་ཡར་རྒྱས་འགྲོ་བའི་སྒུལ་ཤུགས་སུ་འགྱུར་འོས།

    གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་ནི“འཛམ་གླིང་ལ་ཕུལ་བའིལེགས་སྐྱེས་ཤིག་ཡིན”ཞེས་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ཟུར་པ་པོ་ཁོ་ཝ་ཡིས་གདེང་འཇོག་བྱས་ཡོད།

    ཡོ་ལང་ཆེ་བའི་འཛམ་གླིང་དུ“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་བཙུགས་པའི་ཀྲུང་གོས། ཤེས་དཔལ་འདྲ་མཉམ་གྱི་སྲུང་སྐྱོང་པ་དང་། ཤེས་དཔལ་སྤེལ་རེས་ཀྱི་ལག་བསྟར་པ། ཤེས་དཔལ་ཡར་ཐོན་གྱི་སྐུལ་འདེད་པ་བཅས་མུ་མཐུད་བྱས་ནས། མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཆེད་ཤེས་དཔལ་ཁྲོད་ཀྱི་ངེས་གཏན་རང་བཞིན་གྱི་སྟོབས་ཤུགས་མུ་མཐུད་སྦྱིན་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།