ཧན་གོར་ཀྲུང་གོའི་སྤུས་རྟགས་བྲིན་ཁ་རྒྱུག་པ།

འདི་ནི་ཧན་གོའི་འཛད་སྤྱོད་པས་ཧྲོའར་གྲོང་འདབས་ཀྱི་་ཚོང་ཁང་ཞིག་ནས་ཀྲུང་གོའི་སྤུས་རྟགས་ཀྱི་གད་དར་འཕྲུལ་མིར་ལྟ་བཞིན་པ།
དེ་སྔ་ཧན་གོའི་འཛད་སྤྱོད་པས་ཀྲུང་གོའི་ཐོན་རྫས་ཉོ་མང་ཤོས་ནི་བཟོ་ལས་ཐོན་རྫས་ཡིན། ཉེ་བའི་ལོ་ཤས་རིང་འཛད་སྤྱོད་ཁྱབ་ཁོངས་དེ་བཟའ་བཅའ་བཏུང་བྱ་དང་། བྱུག་རྫས། ཀོ་ཕིག དར་སྲོལ་སོགས་རིག་གནས་དང་འཚོ་བ་སྐྱེལ་སྟངས་ཀྱི་ཁྱབ་ཁོངས་སུ་རྒྱ་སྐྱེད་ཕྱིན་ཡོད།
ཁྲོམ་རར་ཞིབ་འཇུག་ཀུང་སིIDCཡི་གྲངས་གཞིར་གཞིགས་ན། ན་ནིང་ཀྲུང་གོའི་གད་དར་འཕྲུལ་ཆས་ཀུང་སི་ཞིག་གི་ཐོན་རྫས་ཀྱི་ཧན་གོའི་ཁྲོམ་རའི་ཐོབ་སྐལ་50%ལས་བརྒལ་ཡོད། དོ་སྣང་བྱེད་དགོས་པ་ཞིག་ནི་བཟོ་ལས་མིན་པའི་ཐོན་རྫས་རིགས་ཁྲོད་ཀྲུང་གོའི་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཀྱང་མགྱོགས་མྱུར་ཆེ་རུ་ཕྱིན་ཡོད། འཕེལ་ཕྱོགས་དེ་བཟའ་བཅའ་བཏུང་བྱའི་ལས་རིགས་ཁྲོད་དེ་བས་མངོན་གསལ་དོད་པ་དང་། ཧན་གོར་ཀྲུང་གོའི་འོ་ཇའི་སྤུས་རྟགས་ལ་གྲུབ་འབྲས་ཆེན་པོ་ཐོབ་ནས་ཀྲུང་གོའི་མུ་འབྲེལ་སྤུས་རྟགས་དེ་བས་མང་བ་ཧན་གོའི་ཁྲོམ་རར་འདོན་བཞིན་ཡོད་པ་རེད།
ཀྲུང་གོའི་སྤུས་རྟགས་དེ་ཧན་གོའི་མཛེས་འཆོས་དང་དར་སྲོལ་ཁྱབ་ཁོངས་སུ་བྲིན་ཁ་རྒྱུག་པོ་ཡོད། དེ་སྔ་རྣམ་པར་བཀྲ་བའི་ཚོས་གཞི་དང་། ཤུགས་དྲགས་པའི་མཛེས་རྒྱན། བཀྲག་མདངས་འཚེར་བའི་རི་མོ་བཅས་ཁྱད་ཆོས་སུ་བྱས་པའི་ཇུས་འགོད་དག“སྒྲོ་འདོགས་ཆེ་བའི”ཇུས་འགོད་དུ་འདོད་པ་དང་། ད་ཆད་དེ་དག་ལ“ཀྲུང་གོའི་ཉམས་འགྱུར”ཞེས་བརྗོད་ཁར། “ཁྱད་དུ་འཕགས་པ”ཞིག་ཏུ་བརྩིས་ནས་བསྔགས་བརྗོད་བྱེད་ཀྱི་ཡོད།
དར་སྲོལ་ཁྱབ་ཁོངས་སུའང་ཧན་གོའི་འཛད་སྤྱོད་པས་ཀྲུང་གོའི་སྤུས་རྟགས་ལ་དོ་ཁུར་བྱེད་ཚད་ཇེ་ཆེར་འགྲོ་བཞིན་ཡོད་པས། ཁོང་ཚོས་རང་འགུལ་ངང་ཀྲུང་གོའི་ཀུང་སིས་ཇུས་འགོད་དང་ཕྱིར་འཚོང་བའི་སྤུས་རྟགས་གདམ་ག་བྱེད་ཀྱི་ཡོད།
ཀྲུང་གོའི་མཛེས་འཆོས་དང་དར་སྲོལ་སྤུས་རྟགས་ཧན་གོར་བྲིན་ཁ་རྒྱུག་པོ་དེ་ལྟར་ཡོད་དོན་གང་ཡིན་ནམ། རིགས་གཅིག་མཁས་ཅན་གྱིས་ཀྲུང་གོས་བློ་ཁོག་ཆེན་པོའི་ཚོས་གཞི་མཉམ་སྡེབ་དང་སྒྲོ་འདོགས་ཀྱིས་ཇུས་འགོད་བྱས་པ་དག ན་གཞོན་འཛད་སྤྱོད་པར་དྲ་རྒྱ་སྨྱན་སྦྱོར་གྱི་ཤུགས་རྐྱེན་ཐེབས་ཏེ་རིག་གནས་མི་འདྲ་བ་ཉམས་ལེན་བྱེད་འདོད་པའི་བསམ་པ་དང་མཐུན་ཡོད་ཅེས་བརྗོད།
དེ་དང་ཆབས་ཅིག་ཀྲུང་གོའི་སྤུས་རྟགས་ཧན་གོ་ཙམ་མ་ཟད། རྒྱལ་ཁབ་གཞན་གྱིས་ཀྱང་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།
—— ཧན་གོའི《ཁྲའོ་ཞན་ཉིན་རེའི་ཚགས་པར》གྱི་འཕྲིན་སྤེལ་གཞིར་བཟུང་།
འབྲེལ་ཡོད་གསར་འགྱུར།