དཔྱིད་འགོའི་དུས་སུ་བལ་ཕུ་ལུང་གཞུང་དུ་བསྐྱོད་པ།
ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། དཔྱིད་ཟླ་གསུམ་པའི་བོད་ལྗོངས་ཉིང་ཁྲིའི་སྤོ་བོ་རྫོང་གི་གྲོག་རོང་མཐིལ་དུ། དཔྱིད་ཀྱི་ཁ་བ་ལྷབ་ལྷུབ་ཏུ་བབས་ནས་ས་གཞི་ཆེན་པོར་དཀར་གཙང་ན་ཟ་བཀླུབས། འདི་གར་ནི་གཡུ་ཤུལ་ཤང་བལ་ཡུལ་གྲོང་ཚོའི་བལ་ཕུ་ལུང་གཞུང་རེད།
རི་བོ་དང་འཁྱགས་རོམ་བར་དུ་གནས་པའི་ལུང་གཞུང་འདི་ནི་དེ་སྔ་འབྲོག་པའི་དབྱར་མཚེར་ཡིན་ཞིང་། ད་ཆ་འདི་གར་རྐང་ཐང་མར་ཡུལ་སྐོར་དུ་ཡོང་མཁན་མང་དུ་སོང་ནས་བཅོས་མིན་གྱི་མཛེས་ཉམས་ལ་རོལ་བའི་གནས་མཆོག་ཅིག་ཏུ་གྱུར་ཡོད།
བལ་ཕུ་ལུང་གཞུང་གནས་སའི་སྤོ་བོ་རྫོང་ནི“འཁྱགས་རོམ་གྱི་ཕ་ས”ཞེས་འབོད་ཀྱི་ཡོད་ཅིང་། འཁྱགས་རོམ་མང་པོ་དང་མཐའ་ཡས་པའི་གདོད་མའི་ནགས་ཚལ་ཡོད། དཔྱིད་ཀ་ཤར་བའི་དུས་སུ། སྤོ་བོ་རྫོང་སྤོ་སྟོད་ཁམ་བུའི་མེ་ཏོག་ལུང་གཞུང་དུ་ད་དུང་རི་སྐྱེས་ཁམ་སྡོང་ཁྲི་བཅུ་གྲངས་དང་སྟག་མའི་མེ་ཏོག་གཅིག་ལ་གཅིག་འགྲན་གྱིས་བཞད་བཞིན་མཆིས།
ཟླ་3ཚེས་21ཉིན་གྱི་ཞོགས་པར། གསར་འགོད་པ་བལ་ཕུ་ལུང་གཞུང་གི་རྐང་ཐང་འགྲོ་སར་འབྱོར། མཚེར་སར་འགྲོ་སའི་ལམ་བུ་ནི་ཁ་བའི་དར་དཀར་འཐེན་པ་ལྟར་རྒྱང་རིང་དུ་བསྲིང་ཞིང་། ཐག་རིང་ནས་འཁྱགས་ཆུ་རྒྱུག་པའི་སྒྲ་ལྷང་ལྷང་དུ་གྲགས་པ་དང་གངས་རིའི་དབུ་རྩེ་སྨུག་སྤྲིན་གྱི་ཁྲོད་ནས་རབ་རིབ་མངོན། མཉམ་དུ་འགྲོགས་པའི་ཡུལ་སྐོར་བས་རི་འཛེག་འཁར་བ་བཙུགས་ནས་གྲང་འགོག་ཞྭ་མོ་དང་ལག་ཤུབས་གྱོན་ཏེ་ལུང་གཞུང་གི་མཐིལ་དུ་སྐྱོད་འགོ་བརྩམས།
སྐལ་བཟང་སྒྲོལ་མ་ནི“00ནང་སྐྱེས”ཀྱི་བུ་མོ་ཞིག་ཡིན་ཞིང་། ན་ནིང་སྟོན་ཁར་གྲོང་ཚོའི་མཉམ་སྡེབ་ཀྱི་བཀོད་སྒྲིག་འོག་བལ་ཕུ་ལུང་གཞུང་གི་ཡུལ་སྐོར་སྣེ་ཤན་པར་གྱུར་ནས་ལམ་བར་དུ་གནས་བཤད་རྒྱག་པ་མ་ཟད། ཡུལ་སྐོར་བའི་བདེ་འཇགས་ལའང་འགན་སྲུང་བྱེད་ཀྱི་ཡོད།
“ཆུང་དུས་ལུང་གཞུང་འདིར་འགྲོ་མྱོང་མེད་ལ། ཡུལ་སྐོར་ལམ་ཐིག་ལ་གྱུར་ཡོང་སྙམ་པའང་མ་བྱུང”ཞེས་སྐལ་བཟང་སྒྲོལ་མས་གསར་འགོད་པར་བཤད། ད་ཆ། ཁོ་མོས་རུ་སྣེ་ཁྲིད་དེ་ལུང་གཞུང་མཐིལ་དུ་ཐེངས་མང་བསྐྱོད་ཅིང་། སྐལ་བཟང་སྒྲོལ་མས“རུ་སྣེ་ཁྲིད་རིམ་བཞིན་ཡུལ་སྐོར་བས་ངས་གནས་བཤད་ཡག་པོ་རྒྱག་གི་འདུག་ཅེས་ཤོད་ཀྱི་འདུག་ལ་ང་རང་ལའང་གྲུབ་འབྲས་ཆེན་པོ་ཐོབ་པའི་ཚོར་སྣང་ཡོང་གི་འདུག”ཅེས་བཤད།
ཡུལ་སྐོར་བ་མང་བའི་ནམ་དུས་ཤར་མེད་ནའང་། ས་ཕྱོགས་གཞན་ནས་ཡོང་བའི་ཡུལ་སྐོར་བ་བཅུ་གྲངས་ཤིག་དབུགས་ཧལ་བཞིན་དུ་ལུང་གཞུང་མཐིལ་དུ་སྐྱོད་བཞིན་འདུག ཅང་ཤིས་ནས་ཡོང་བའི་ཡུལ་སྐོར་བ་ཞུང་ལགས་དང་གྲོགས་པོ་ཚོས་ལྷ་ས་ནས་སྒེར་འཁོར་བཏང་སྟེ་ཆེད་མངགས་བལ་ཕུ་ལུང་གཞུང་བསྐོར་བར་ཡོང་ཞིང་། “འདི་གར་བཅོས་མིན་གྱི་མཛེས་ཉམས་ཤིག་འདུག”ཅེས་ཡུལ་སྐོར་བ་ཞུང་ལགས་ཀྱིས་སྨུག་སྤྲིན་འཁྲིགས་པའི་ལ་སྒང་ལ་མཛུབ་མོ་བཙུགས་ནས་བཤད།
ཡུལ་སྐོར་བས་འགྲོ་གིན་འགྲོ་གིན་པར་རྒྱག་པ་དང་མཛེས་ལྗོངས་ལ་ལྟ་བཞིན་ཧང་སངས་སངས་བྱེད། ཁ་བ་བུ་ཡུག་འཚུབ་པར་བརྟེན་མཚེར་སར་སླེབས་པར་སྤྱི་ལེ་2ལས་མེད་ཀྱང་ཆུ་ཚོད་གཅིག་འགོར། ཡིན་ནའང་འགྲོ་མཚམས་འཇོག་མཁན་གཅིག་ཀྱང་མེད་ལ་བློ་ཕམ་བྱེད་མཁན་ཡང་མེད། གང་ཡིན་ཞེ་ན། བལ་ཕུ་ལུང་གཞུང་གི་མཛེས་ཉམས་ཚང་མ་ལམ་བར་དུ་ཡོད་པས་ཡིན།
གལ་ཏེ་བལ་ཕུ་ལུང་གཞུང་གི་མཛེས་ལྗོངས་འདི་གར་ཡོང་མཁན་ཚང་མས་མྱོང་རོལ་ཐུབ་ཅེས་བརྗོད་ན། དེ་ལས་བྱུང་བའི་འགྱུར་ལྡོག་ནི་བལ་ཡུལ་གྲོང་ཚོའི་དུད་ཁྱིམ་ཚང་མའི་འཚོ་བ་ལས་མངོན་ཐུབ།
དེ་སྔ་བལ་ཕུ་ལུང་གཞུང་གི་འབྲོག་པ་ཡིན་པའི་ཡུལ་མི་བཟང་ཏོག་གིས“དེ་སྔ་ང་ཚོས་འདི་གར་ཕྱུགས་རིགས་ཁོ་ན་འཚོ་གི་ཡོད། ད་ཆ་ཡུལ་སྐོར་འཕེལ་རྒྱས་སོང་ནས་ཡོང་འབབ་བྱུང་ཡོད། ད་ཆ་ལུང་གཞུང་མཐིལ་དུ་བསྐྱོད་ན་ཉིན་གཅིག་ལ་སྒོར་300ལྷག་ཙམ་གསོག་ཐུབ་ཀྱི་འདུག”ཅེས་བཤད།
བལ་ཡུལ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཆུང་བདག་ཚེ་རིང་གིས། 2025ལོའི་ཟླ་བ་5པ་ཚུན་དུ། བལ་ཕུ་ལུང་གཞུང་ནས་ཡུལ་སྐོར་བ་8000ལྷག་ཙམ་ལ་སྣེ་ལེན་ཞུས་ཏེ་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་200ཙམ་བྱུང་ཡོད་ཅེས་གསར་འགོད་པར་བཤད། རྫོང་གྲོང་དང་བར་ཐག་སྤྱི་ལེ་52ཙམ་དང་ཆ་སྙོམས་ས་བབ་སྨི་2900ལས་མེད་པའི་གྲོང་ཚོ་ཆུང་ཆུང་འདིས་ལུང་གཞུང་ཞིག་ལ་བརྟེན་ནས་ཡུལ་སྐོར་དང་རིག་གནས་འཕེལ་རྒྱས་ཀྱི་གནམ་ས་གསར་པ་ཞིག་གཏོད་བཞིན་ཡོད།
ཁ་བ་འདི་ནི་དཔྱིད་ཀྱི་རེ་སྨོན་བསུ་བའི་སྙན་དབྱངས་རེད། བལ་ཕུ་ལུང་གཞུང་དུ་སྐྱོད་པའི་ལམ་བུ་འདིར། བལ་ཡུལ་གྲོང་ཚོའི་མི་རྣམས་ཀྱིས་ད་དུང་ཡུལ་སྐོར་བ་ཁྲིད་དེ་སྤང་ལྗོངས་སྔོན་མོ་དང་ནགས་གླིང་ཚང་ཚིང་ཅན་གྱི་ཕྱོགས་སུ་སྐྱོད་སྐབས་བལ་ཕུ་ལུང་གཞུང་དུ་ནམ་དུས་ཡག་ཤོས་ཤིག་འཆར་ངེས་ལ། དབྱར་མཚོ་རྒྱས་པ་ལྟ་བུའི་འཕེལ་རྒྱས་འགྲོ་བའི་ནམ་དུས་ཤིག་ཀྱང་འཆར་བར་ངེས།
འབྲེལ་ཡོད་གསར་འགྱུར།