ལྷག་བསམ་རྣམ་དག་གིས་དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་དམངས་ལ་དྲོ་སྐྱིད་སྦྱིན་པ།
—— གྲ་ནང་རྫོང་གི་གྲོང་སྡོད(སྡེ་ཁུལ)ལས་དོན་རུ་ཁག་ཁག་གིས་དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་པ།
དཔྱིད་དུས་སུ་ཡར་ཀླུང་གཙང་པོའི་ངོགས་ཀྱི་གྲ་ནང་ས་གཞི་ཆེ་མོར་སྔར་བཞིན་གྲང་ངར་ཆེ་ཡང་གྲོང་གསེབ་ཀྱི་ཞིང་ནང་དུ་དྲོ་སོབ་སོབ་ཀྱི་རྣམ་པས་ཁེངས་ཤིང་། གྲ་ནང་རྫོང་གི་གྲོང་སྡོད(སྡེ་ཁུལ)ལས་དོན་རུ་ཁག་61གི་རུ་མི་ཚོས་ཡིག་ཆའི་ཁུག་མ་ཁུར་ནས་ཞིང་དུད་ཀྱི་སྒོ་ར་དང་ཞིང་ནང་མུ་ཁར་བསྐྱོད་ནས་ལྷག་བསམ་རྣམ་དག་གིས་དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་དམངས་ལ་དྲོ་སྐྱིད་སྦྱིན་ཏེ། གཞི་རིམ་གྱི་འཐབ་ས་དང་པོར་གྲོང་གསེབ་དར་རྒྱས་ཀྱི་མི་སེམས་འགུལ་བའི་རྒྱུགས་ལན་འབུལ་བཞིན་ཡོད།
བསམ་ཡས་གྲོང་རྡལ་བསམ་ཡས་སྡེ་ཁུལ་ལས་དོན་རུ་ཁག་གི་གཞུང་ལས་ཁང་ནས་རྟག་ཏུ་ནམ་ཕྱེད་བར་གློག་སྒྲོན་གྱི་འོད་སྣང་འཕྲོ་ཞིང་ཡོད་ཅིང་། རུ་མི་ཚོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ཞིབ་ཀློག་ནན་ཏན་བྱས་ཏེ། སྲིད་ཇུས་སྒྲོག་འགྲེལ་མང་ཚོགས་དང་དེ་བས་ཉེ་བཅར་ཐུབ་ཆེད། ཁོང་ཚོས“ཡིག་ཐོག་སྐད་ཆ”དག“མི་སེར་གྱི་སྐད་ཆར” བསྒྱུར་ནས་སྲིད་ཇུས་ཀྱི་ཡིག་ཆ་མང་ཚོགས་ཀྱིས་ཉན་སྤྲོ་བ་དང་གོ་ཐུབ་པའི་རྒྱུན་གཏན་གྱི་སྐད་ཆར་ཕབ་ཀྱི་ཡོད།
འདི་ལྟ་བུའི་སློབ་སྦྱོང་གི་རྣམ་པ་རྫོང་ཡོངས་ཀྱི་གྲོང་ཚོ(སྡེ་ཁུལ)61ཚང་མར་མཐོང་རྒྱུ་ཡོད། གྲ་ནང་རྫོང་ཨུད་རྩ་འཛུགས་པུའུ(གྲོང་སྡོད་གཞུང་ལས་ཁང)ཡིས“གསོ་སྦྱོང་ཐོག་ཆེད་དོན་སློབ་སྦྱོང་དང་། ཚོགས་འདུའི་ཐོག་ངེས་པར་དུ་སློབ་སྦྱོང་། ཞིབ་བཤེར་སྐབས་སློབ་སྦྱོང་ལ་ལྟ་སྐུལ”བཅས་ཀྱི་རྒྱུན་རྣམ་ཅན་གྱི་ལམ་སྲོལ་བཙུགས་ཏེ། གྲོང་སྡོད་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་རིམ་ཁག་ཚོགས་འདུ་དང་གསོ་སྦྱོང་ཐེངས་30ལྷག་ཙམ་ལ་ཞུགས་ཏེ་ཤེས་དགོས་ངེས་ཀྱི་ཤེས་བྱའི་ཚོད་རྒྱུགས་ཐེངས་3བཏང་བར་རྒྱུགས་ལོན་ཚད་100%ཟིན་ཡོད། སློབ་སྦྱོང་བྱས་པ་བརྒྱུད། རུ་མི་ཚོའི་ཤེས་བྱའི་མི་འདང་བའི་ས་གསབ་པ་དང་ཉམས་སད་ཐེག་ཐུབ་པའི་འཇོན་ཐང་ཆེ་རུ་ཕྱིན་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བར་རྨང་གཞི་བརྟན་པོ་བཏིང་ཡོད།
མཚན་གུང་དུ་རྔ་སྒྲ་ཤང་གྲམ་མདའ་གྲོང་ཚོའི་གྲོང་མི་སྒྲོལ་དཀར་གྱི་ཁྱིམ་དུ་གློ་བུར་དུ་གློག་ཆད། རུ་མི་ཚོས་ལག་ཞུ་ཁྱེར་ནས་གློག་སྐུད་ལ་གྲལ་བཤེར་ཞིབ་ཕྲ་བྱས་པ་དང་། སླར་ཡང་གློག་སླེབས་སྐབས་རུ་མི་ཞིག་གི་ལག་པར་རྨ་ཆེན་པོ་བཟོས་པ་གཞི་ནས་ཤེས། གསོ་ཚགས་དུད་ཆེན་དབང་རྒྱལ་གྱིས་ལས་གཉེར་ལག་ཁྱེར་གཉེར་བར་སེམས་ཁྲལ་ཆེན་པོ་བྱེད་སྐབས། རུ་མི་ཚོས་རང་འགུལ་ངང་ཁོང་སྡེ་ཚན་ཁག་ཏུ་ཁྲིད་ནས་དཔྱད་གཞིའི་ཡིག་ཆ་ཁ་སྐོང་བྱས་རྗེས་མགྱོགས་མྱུར་ལག་ཁྱེར་གཉེར་ཐུབ་པ་རེད། དབང་རྒྱལ་གྱིས་ཁ་བཏགས་ཁྱེར་ནས“ཁྱེད་ཚོས་ང་རང་ནང་མིར་བརྩིས་ནས་ང་ལ་རོགས་རམ་བྱས་བྱུང”ཞེས་བཤད།
གྲངས་གཞི་ནི་དཔང་པོ་ཡག་ཤོས་ཡིན། གྲོང་ཚོར(སྡེ་ཁུལ)བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་རྒྱུན་རྣམ་ཅན་གྱི་སྒོ་ནས“ཉིན་བརྒྱའི་རིང་གྲོང་ཚོ་དང་དུད་ཚང་དུ་སྐྱོད་པའི་བརྟག་ཞིབ་ཆེ་མོའི”བྱེད་སྒོ་ཐེངས་གསུམ་སྤེལ་ནས་དུད་ཚང་དུ་སྐྱོད་ཚད་100%ཟིན་ཏེ་བརྟག་ཞིབ་སྙན་ཞུ་ཁག་62དང་དམངས་འཚོའི་བྱ་བ་དངོས་སྒྲུབ་པའི་གསལ་ཐོ་2བཟོས་པ་རེད། མིག་སྔའི་བར་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཁག་494མཐུན་སྦྱོར་ཐག་གཅོད་བྱས་པ་དང་རིགས་ཁག་གི་རྣམ་གྲངས་མ་དངུལ་སྒོར་ཁྲི་2000ལྷག་ཙམ་འདུན་ཞུ་དང་བརྩོན་ལེན་བྱས་ཡོད། བདེ་ཐང་གི་ཚན་རིག་ཁྱབ་གདལ་བྱེད་སྒོ་ཐེངས་117སྤེལ་བ་དང་། གྲོང་ཚོའི(སྡེ་ཁུལ)“ཨུ་ལྷན་གཉིས” ལ་རམ་འདེགས་བྱས་ནས་མང་ཚོགས་ཁྲི་0.7བདེ་ཐང་བརྟག་དཔྱད་ནང་ཞུགས་པར་སྒྲིག་འཛུགས་བྱས་ཏེ། མང་ཚོགས་826ལ་སྒོ་རྩར་སྨན་བཅོས་བྱས་ཡོད།
མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་ཉུང་བའི་དཀའ་གནད་ལ་དམིགས་ཏེ། གྲོང་སྡོད(སྡེ་ཁུལ)ལས་དོན་རུ་ཁག་ཁག་གིས་མི་6624ཡི་ངལ་ལས་ཕྱིར་གཏོང་བྱས་པར་ཡོང་འབབ་སྒོར་དུང་ཕྱུར་1.14བྱུང་བ་དང་། དབུལ་པོ་བསྐྱར་ལོག་གི་ལྟ་ཞིབ་བྱ་ཡུལ་67ལ་འབབ་འཕར་བྱེད་ཐབས་22བཟོས་པ། ཁེ་ལས་དང་མཐུན་སྦྱོར་བྱས་ཏེ་ཡུལ་མིར་གླ་ཆ་སྒོར་ཁྲི་100ལྷག་ཙམ་ལེན་རོགས་བྱས་ཏེ་གྲོང་སྡོད་ལས་བྱེད་པའི“དཀའ་ཚེགས་ཀྱི་སྟོན་གྲངས”ལ་བརྟེན་ནས་མང་ཚོགས་ཀྱི“བདེ་སྐྱིད་སྟོན་གྲངས”ཐོབ་ཐབས་བྱས་ཏེ་མང་ཚོགས་ལ་དོན་དངོས་མང་པོ་བསྒྲུབས་ཡོད།
ལས་ཁུངས་ནས་གཞི་རིམ་བར། ལས་གནས་ལ་འགྱུར་བ་བྱུང་རུང་དམངས་ལ་བྱ་བ་དངོས་སྒྲུབ་པའི་ཐོག་མའི་བསམ་འདུན་ལ་འགྱུར་བ་བྱུང་མེད། གྲ་ནང་དུ་གྲོང་སྡོད(སྡེ་ཁུལ)ལས་དོན་རུ་ཁག་ཁག་གིས་ལྷག་བསམ་རྣམ་དག་གིས་དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་དམངས་ལ་དྲོ་སྐྱིད་སྦྱིན་ནས་ཞིང་ལས་སྟོབས་ཆེན་དང་། གྲོང་གསེབ་མཛེས་མཐུན། ཞིང་པ་འབྱོར་ཕྱུག་བཅས་ཀྱི་ལེའུ་གསར་རྐྱང་ཞིག་མུ་མཐུད་རྩོམ་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།