དབུ་ཤོག>གསར་འགྱུར།>དམངས་འཚོ།
  • དམངས་ཀྱི་བདེ་ཐང་བསྲུངས། ཏང་གི་གསུང་སྒྲ་བསྒྲགས།

    —— རང་སྐྱོང་ལྗོངས་ཀྱི“གཞི་རིམ་གྱི་སྒྲོག་འགྲེལ་པ་ཡག་ཤོས་བཅུའི”གྲས་ཡིན་པའི་ཕུན་ཚོགས་ཀྱི་སྐོར་བཀོད་པ།

  •     སྤེལ་དུས།  2026-04-06

    ལོ་17རིང་། གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་ལུང་དམར་ཤང་དྲོ་ར་གྲོང་ཚོའི་ཏང་ཡོན་ཕུན་ཚོགས་ཀྱིས་ཡུལ་དེར་ལས་གཉིས་ལ་གཞོལ་བཞིན་ཡོད་དེ། ལུས་ལ་སྨན་གོས་དཀར་པོ་གྱོན་དུས་ཁོང་ནི་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་ཡུལ་མིའི་བདེ་ཐང་སྲུང་མཁན་གྲོང་ཚོའི་སྨན་པ་ཞིག་ཡིན་པ་དང་། ལག་ཏུ་སྒྲ་དུང་བཟུང་དུས་ཁོང་ནི་སེམས་ནུས་ཡོད་རྒུས་ཏང་གི་གསུང་སྒྲ་བརྒྱུད་བསྒྲགས་བྱེད་མཁན་ཞིག་རེད། སྔ་ཕྱི་བར་གསུམ་དུ་ཁོང་གིས་ཐོག་མའི་བསམ་འདུན་བརྟན་སྲུང་གིས་ལས་ཀ་གཉིས་ལ་གཞོལ་ནས་བདེ་ཐང་གི་ལྟ་བ་དང་སྲིད་ཇུས་ཀྱི་ཕན་པ་ཡུལ་མི་ཚོར་འགྲེལ་བཤད་རྒྱག་བཞིན་ཡོད།

    2009ལོར་དྲོ་ར་གྲོང་ཚོའི་སྨན་པར་གྱུར་རྗེས། ཕུན་ཚོགས་ཀྱིས“ཡུལ་མི་ཚོའི་བདེ་ཐང་ནི་དོན་ཆེན་ཞིག་ཡིན་པས། ནད་གཞི་བཅོས་དགོས་ལ་དེ་བས་ཀྱང་སྔོན་འགོག་བྱེད་དགོས་པའི་ངོས་འཛིན་གྱི་ཡོད” དེས་ན། ཁོང་གི་རྐང་རྗེས་གྲོང་ཚོའི་ཕུ་མདའ་གང་སར་བཞག་ཡོད།

    2021ལོར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིས་ཁོང་བཙལ་ནས“ཁྱེད་རང་གིས་བདེ་ཐང་སྐོར་གྱི་ཤེས་བྱ་ཡག་པོ་ཤོད་ཀྱི་འདུག གཞི་རིམ་གྱི་སྒྲོག་འགྲེལ་པ་ཞིག་གནང་ན་ཡོང་བ་འདུག་གམ”ཞེས་འདྲིས། དུས་དེ་ནས་བཟུང་ཕུན་ཚོགས་སྒྲོག་འགྲེལ་པ་ཞིག་ཏུ་གྱུར། ཁོང་གིས་དང་ཐོག་རང་ལ་འདྲིས་ཆེ་བའི་བདེ་ཐང་སྐོར་གྱི་ཤེས་བྱ་ནས་འགོ་བཙུགས་པ་དང་། དེ་ནས་རིམ་བཞིན་སྒྲོག་འགྲེལ་གྱི་ནང་དོན་ཏང་གི་དམངས་ཕན་སྲིད་ཇུས་དང་། བཅའ་ཁྲིམས་ཁྲིམས་སྲོལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་སོགས་བར་རྒྱ་ཆེར་བཏང་ཡོད། གང་ལྟར་ཡུལ་མི་ཚོའི་འཚོ་བ་དང་གྲོང་གསེབ་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་བྱ་བ་ཡིན་ཚེ། ཚང་མ་ཁོང་གི་སྒྲོག་འགྲེལ་ནང་དོན་གྱི་གཙོ་གནད་དུ་འགྱུར་གྱི་ཡོད།

    2024ལོ་ནི་ཕུན་ཚོགས་ཀྱི་ངོས་ནས་བརྗོད་ན་གྲུབ་འབྲས་ཆེན་པོ་ཐོབ་པའི་ལོ་ཞིག་ཡིན་པ་སྟེ། ཁོང་ལ་གཞིས་རྩེ་གྲོང་ཁྱེར་གྱི“ཇོ་མོ་གླང་མའི་མི་སེར་གྱི་དྲིལ་བསྒྲགས་མཁས་པ”ཞེས་པའི་མཚན་སྙན་ཐོབ་པ་དང་། “མཐའ་མཚམས་བུ་ཕྲུག་སེམས་པ་ཏང་ལ་ཕྱོགས། མཐུན་སྒྲིལ་འབད་འཐབ་ལེའུ་གསར་རྩོམ”ཞེས་པའི་དཔྱད་འདེམས་བྱེད་སྒོའི་ཁྲོད“དྲ་རྒྱའི་དགའ་མོས་ཐོབ་མང་ཤོས་ཀྱི་བྱ་དགའ”ཐོབ་པ་མ་ཟད། རང་སྐྱོང་ལྗོངས་ཀྱི“གཞི་རིམ་གྱི་སྒྲོག་འགྲེལ་པ་ཡག་ཤོས་བཅུའི”གྲས་སུ་ཚུད་ཡོད་པ་རེད།

    གཞི་རིམ་གྱི་སྒྲོག་འགྲེལ་པ་ཞིག་ཡིན་པའི་ཕུན་ཚོགས་ལ་འཕྲད་པའི་དཀའ་ངལ་ཆེ་ཤོས་ནི་ཡིག་སྒྱུར་བྱེད་རྒྱུ་དེ་ཡིན། “ངའི་རིག་གནས་ཆུ་ཚད་མཐོ་པོ་མེད། རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་ཁག་ཡུལ་མི་ཚོས་གོ་ཐུབ་པའི་བོད་སྐད་ལ་བསྒྱུར་བར་དཀའ་ལས་ཁག་ཙམ་འདུག”ཅེས་སྦ་གསང་མེད་པའི་སྒོ་ནས་བཤད། ད་ཆ་ཁོང་གིས་ཡིག་སྒྱུར་གྱི་མཉེན་ཆས་སྤྱོད་ཤེས་ཀྱི་ཡོད་ཅིང་། དེ་ཡང་ཁོང་གིས་སྔོན་ལ་ཚིག་རེ་རེ་བཞིན་བསྒྱུར་བ་དང་། དེ་ནས་རེ་རེ་བཞིན་ལ་བཟོ་བཅོས་བརྒྱབ་མཐར་མི་གཞན་ལ་ཞུ་དག་གཏོང་རོགས་ཞུ་གི་ཡོད་པ་རེད།

    “ག་ལེར་སྦྱོང་གི་ཡིན། ཚིག་རེ་རེ་བྱས་ནས་སྦྱངས་པ་ཡིན་ན་ཡར་རྒྱས་ཡོང་ངེས་རེད། ཚང་མར་ཆ་འཕྲིན་དང་དྲང་ནུས་སྤེལ་ཐུབ་པ་ནི་ངས་ལས་ཀ་དེའི་རྒྱུན་སྐྱོང་བའི་སྒུལ་ཤུགས་ཤིག་ཡིན”ཞེས་ཕུན་ཚོགས་ཀྱིས་དགོད་འཚེར་འཚེར་ངང་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།