རང་ལྗོངས་ཀྱི་ས་ཁུལ་ཁག་དང་ཚན་པ་ཁག་གིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ།
ཡང་དག་པའི་སྲིད་དོན་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་སྤེལ་ཚུན། རང་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཚད་མཐོའི་མཐོང་ཆེན་དང་། བཀོད་སྒྲིག་ཞིབ་ཚགས། སྐུལ་འདེད་བརྟན་པོ་གཏོང་བ་བཅས་བྱས་ཏེ་ཆེད་དོན་སློབ་སྦྱོང་དང་། བགྲོ་གླེང་སྤེལ་རེས། དཔེ་ཀློག་འཛིན་གྲྭ་གཉེར་བ་སོགས་ཀྱི་རྣམ་པ་བརྒྱུད། སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་ཏེ་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་བསམ་བློའི་ངོས་འཛིན་ཟབ་ཏུ་གཏོང་བ་དང་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བར་ཁྲིད་སྟོན་བྱས་ནས། ལྗོངས་ཡོངས་ཀྱི་གོང་འོག་ཚང་མར་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པ་དང་། དངོས་སྒྲུབ་ཐེག་པ་འཁུར་ལེན་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྣམ་པ་ཟབ་མོ་ཞིག་བཏོད་ཡོད།
ཉེ་ཆར། རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་གིས་ཏང་ཙུའི་ཚོགས་འདུ་འཚོགས་ནས་སྦྱོང་བཤེར་བཅོས་གསུམ་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བའི་ཐད་བཀོད་སྒྲིག་བྱས་ཤིང་། ཐིང་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་ཐིང་ཁོངས་གཏོགས་ཀྱི་ཚན་པ་ཁག་ལ་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། 《སྲིད་དོན་ལས་རྗེས་ལྟ་བ་ཡོ་ཁྱད་ཀྱི་གནད་དོན་གཙོ་བོའི་གསལ་ཐོ》དང་འབྲེལ་ཡོད་བླང་བྱ་དང་རང་འགུལ་ངང་བསྡུར་བ། དོན་དངོས་དང་ཟུང་འབྲེལ་གྱིས་གནད་དོན་བཤེར་འདོན་གཏིང་ཟབ་བྱེད་པ་དང་། རང་འགུལ་ངང་བསམ་བློའི་ཐད་ནས་གནད་དོན་བཤེར་འདོན་དང་། འགན་འཁྲིའི་ཐད་ནས་གནད་དོན་བཤེར་འདོན། ལས་དོན་གྱི་ཐད་ནས་གནད་དོན་བཤེར་འདོན་བཅས་བྱས་ནས། གནད་དོན་ཞིབ་བཤེར་གནད་སྨིན་དང་ཏན་ཏིག་བྱེད་པ་དང་། “སྤྱི་དོན་དུ་ཏང་འཛུགས་པའི”སྲིད་སྐྱོང་འདུ་ཤེས་དེ“དམངས་ལ་བདེ་སྐྱིད་སྐྲུན་པའི” བྱ་སྤྱོད་དངོས་སུ་སྒྱུར་ནས། བོད་ཀྱི་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་བྱ་གཞག་གི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་དང་གོམ་པ་བརྟན་པོ་སྤོ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད་པ་རེད།
སློབ་སྦྱོང་དང་སློབ་གསོ་ལྗོངས་ཡོངས་སུ་གཏིང་ཟབ་དང་ཏན་ཏིག་སྤེལ་བ་དང་ཆབས་ཅིག ས་ཁུལ་དང་གྲོང་ཁྱེར་ཁག་གིས་ཀྱང་རང་ངོས་ཀྱི་འགན་ནུས་ལ་གཞི་ཚུགས་ནས་སློབ་སྦྱོང་གི་རྣམ་པ་ཕུན་སུམ་ཚོགས་སུ་བཏང་བས་སློབ་སྦྱོང་གི་ཚ་རླབས་རྒྱུན་མཐུད་འཕྱུར་ཡོད་པ་རེད།
ཉིན་ཤས་བསྟུད་མར། ནག་ཆུ་གྲོང་ཁྱེར་གྱི་ཚན་པ་ཁག་གིས་སློབ་སྦྱོང་སློབ་གསོའི་ཆེད་དོན་དཔེ་ཀློག་འཛིན་གྲྭ་གཉེར་ནས། མི་སྒེར་གྱི་རང་སྦྱོང་དང་། ཉེན་ཟོན་སློབ་གསོ། ཆེད་དོན་ཟུར་ཁྲིད། སྤེལ་རེས་བགྲོ་གླེང་བཅས“ཕྱོགས་བཞི་གཞི་གཅིག”གི་སློབ་སྦྱོང་བྱེད་སྟངས་སྤྱད་དེ་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད། གྲོང་ཁྱེར་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་དང་། སྡོད་ཁང་འགན་ལེན། གྲོང་ཁྱེར་དོ་དམ། ལས་གྲྭར་ལྟ་སྐུལ་དོ་དམ་སོགས་རང་འཁྲིའི་ལས་གནས་དང་ཟུང་འབྲེལ་གྱིས་སློབ་སྦྱོང་གི་མྱོང་ཚོར་སྤེལ་རེས་གཏིང་ཟབ་དང་། ལྷག་པའི་གནད་དོན་ལ་དབྱེ་ཞིབ། བསམ་ཕྱོགས་དང་བྱེད་ཐབས་འདོན་པ་བཅས་བྱས་ནས་སྲིད་དོན་ལས་རྗེས་ལྟ་བའི་ཐད་ཀྱི་མི་འདང་ས་སྔར་བས་གནད་ལ་འཁེལ་པོས་བཙལ་ཏེ་ཁ་ཕྱོགས་ལེགས་བཅོས་དང་དོན་འཁྱོལ་གྱི་ཐབས་ལམ་ཁ་གསལ་བཟོས་ཡོད་པ་རེད།
ཉེ་ཆར། ཆབ་མདོ་གྲོང་ཁྱེར་གྱིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་ཞིང་། ཆབ་མདོ་གྲོང་ཁྱེར་སྲིད་གཞུང་གཞུང་རྒྱུ་ཨུ་ལྷན་ཏང་ཨུད་ཀྱིས་དུས་ཡུན་ཉིན་གཉིས་ཀྱི་ཆེད་དོན་དཔེ་ཀློག་འཛིན་གྲྭ་གཉེར་ནས། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱས་ཏེ་ལྟེ་བའི་དོན་སྙིང་དང་ལག་ལེན་གྱི་བླང་བྱར་ཕྱོགས་ཡོངས་ནས་གོ་བ་བླངས་པ་རེད། སློབ་སྦྱོང་བྱས་པ་བརྒྱུད། ཚང་མས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོར་འཛུགས་པ་དང་ལག་བསྟར་བྱས་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་མཐའ་གཅིག་ཏུ་བྱེད་པ་དང་། དངོས་སྒྲུབ་དང་གྲུབ་འབྲས་དངོས་ལ་བརྟེན་ནས་ཆབ་མདོའི་གཞུང་རྒྱུ་དང་གཞུང་ཁོངས་ཁེ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་གི་ཡིན་ཞེས་མགྲིན་གཅིག་ཏུ་བརྗོད་པ་རེད། “ཐོག་མཐའ་བར་གསུམ་དུ་བུད་མེད་དང་བྱིས་པའི་ཁེ་ཕན་གནས་བབ་མཐོ་ཤོས་སུ་བཞག་ནས་དམངས་ལ་བདེ་སྐྱིད་སྐྲུན་རྒྱུ་དེ་ལས་སྒྲུབ་ལས་གཏོད་ཀྱི་འགོ་འཛུགས་ས་དང་དོན་ལ་འབབ་སར་བརྩིས་ཏེ་བུད་མེད་དང་བྱིས་པར་སྣེ་ཁྲིད་དང་། ཞབས་ཞུ། འབྲེལ་གཏུག་བཅས་བྱས་ནས་དམ་འཛིན་དངོས་སྒྲུབ་དང་དཀའ་སྤྱད་སྙིང་རུས་ལ་བརྟེན་ནས་ལས་ཀ་བྱེད་ཀྱི་ཡིན”ཞེས་ཆབ་མདོ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་དང་རིམ་པ་གཉིས་པའི་ཀྲུའུ་རེན་ཁོའོ་ཡོན་ཟླ་བ་ལྷ་མོས་བརྗོད།
འབྲེལ་ཡོད་གསར་འགྱུར།