ཀྲུང་གོའི་ཞིང་ལས་ལག་རྩལ་ཨ་ཧྥེ་རི་ཁར་ཁྱབ་གདལ་བཏང་བ།
ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཚན་རྩལ་སྒོ་རའི་འབུམ་རམས་པ་དང་པོས་ཞིང་ལས་ལག་རྩལ་ཁྱབ་གདལ་བཏང་བའི་སྐོར་བཀོད་པ།

ལི་ས་ས་ཆི་རྫོང་གི་ཞིང་ལས་ལག་རྩལ་ཁྱབ་གདལ་ས་ཚིགས་ཀྱི་ཚོད་ལྟའི་ཞིང་ཁའི་རྣམ་པ་ཡིན་པ།

མཱ་ལ་ཝེ་ཨེན་ཁཱ་ཐཱ་དབན་རྫོང་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཚན་རྩལ་སྒོ་རའི་ཞིབ་འཇུག་སློབ་མས(གཡས་ཀྱི་དང་པོ)ས་གནས་འདི་གའི་ཞིང་དུད་ལ་ཞིང་ལས་ཚན་རྩལ་སྐོར་སློབ་བཞིན་པ།

སའེ་མུའུ(གཡོན་གྱི་དང་པོ)ཡིས་ལི་ས་ས་ཆི་རྫོང་ཞིང་ལས་ལག་རྩལ་ཁྱབ་གདལ་ས་ཚིགས་ཀྱི་ཚོད་ལྟའི་ཞིང་ནང་དུ་ཞིབ་འཇུག་སློབ་མ་དང་མཉམ་དུ་མ་རྨོས་ལོ་ཏོག་དང་སྲན་ཆེན་འདེབས་འཛུགས་ལག་རྩལ་སྐོར་གྲོས་བསྡུར་བྱེད་བཞིན་པ།

ཧོ་པེ་ཆུས་ཀྲོའུ་རྫོང་གི་ཚོད་ལྟའི་ཞིང་ནང་དུ་སའེ་མུའུ(གཡོན་གྱི་དང་པོ)དང་སློབ་མས་མ་རྨོས་ལོ་ཏོག་རྒྱ་མར་འགྱོགས་བཞིན་པ།

ལི་ས་ས་ཆི་རྫོང་ཞིང་ལས་ལག་རྩལ་ཁྱབ་གདལ་ས་ཚིགས་ཀྱི་ཚན་རྩལ་སྒོ་རའི་བྱང་བུ་ཡིན་པ།
མཱ་ཝུའུ·གཡོད་ཧ་ཉིའི་ཁྱིམ་ནི་ལི་ས་ས་ཆི་རྫོང་གི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཚན་རྩལ་ཁང་གི་ཁེ་ཕན་ཐོབ་མཁན་གྱི་ཞིང་དུད་སྔ་ཤོས་ཀྱི་གྲས་ཤིག་ཡིན་པ་དང་། ད་ཆ་འབྲུ་རིགས་རང་ཁ་རང་གསོ་ཐུབ་པ་མ་ཟད། ད་དུང་འབྲུ་ལྷག་འཚོང་རྒྱུའང་ཡོད་པ་རེད། མིང་ལ་སའེ་མུའུ་ཟེར་བའི་ན་གཞོན་ཁོང་ནི་ཀྲུང་གོར་སློབ་སྦྱོང་ལ་སོང་ནས་ལོག་ཡོང་བའི་འབུམ་རམས་པ་ཞིག་ཡིན་པ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཚན་རྩལ་ཁང་གིས་བསྡུས་པའི་སློབ་མ་འབུམ་རམས་པ་དང་པོ་དེ་རེད།
ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཚན་རྩལ་ཁང་2019ལོར་སྤྱོད་འགོ་ཚུགས་པ་དང་། དེ་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཞིང་ལས་སློབ་གསོའི་མཉམ་ལས་ཀྱི་གཙོ་གནད་རྣམ་གྲངས་ཤིག་ཡིན་ཞིང་། ཀྲུང་གོ་ཞིང་ལས་སློབ་ཆེན་གྱིས་སྣེ་ཁྲིད་དེ་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ས་ཆ་གཉིས་སུ་ལག་བསྟར་བྱས་པ་ཞིག་རེད། རྣམ་གྲངས་དེས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་ཕྱོགས་ནས་ཞིང་ལས་ཆེད་ལས་ཀྱི་ཕྱི་སྦྱོང་སློབ་མ་བསྡུས་པ་དང་ཕྱི་སྦྱོང་སློབ་མ་ཁག་ཚང་མ་སློབ་སྦྱོང་བྱེད་རིང་ཕ་ཡུལ་དུ་ལོག་ནས་ཞིང་ལས་བྱེད་པ་དང་ཞིང་དུད་ཀྱི་ཐོན་སྐྱེད་ལ་མཛུབ་ཁྲིད་བྱེད་ཀྱི་ཡོད་པ་རེད། ད་ཐེངས་ནི་སའེ་མུའུ་ཕ་ཡུལ་དུ་ལོག་ནས་ཞིང་ལས་ལ་མཛུབ་ཁྲིད་བྱེད་ཐེངས་གཉིས་པ་རེད། ཁོང་གིས་ལི་ས་ས་ཆི་རྫོང་གི་ཞིང་ལས་ལག་རྩལ་ཁྱབ་གདལ་ས་ཚིགས་སུ་ལས་རོགས་ཚོ་དང་མཉམ་དུ་ས་གནས་དེ་གའི་ཞིང་ལས་འཕོ་འགྱུར་ལ་སྐུལ་འདེད་གཏོང་བཞིན་ཡོད།
① “ས་རྒྱུ་ལེགས་བཅོས”ནས“གནོད་འབུ་འགོག་བཅོས”བར་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ“གསེར་གྱི་ས་བོན”བཏབ་ཡོད།
ཟླ་3པའི་མཱ་ལ་ཝེ་ནི་ཆར་དུས་ཀྱི་དུས་མཇུག་ཏུ་སླེབས་ཤིང་། རྒྱལ་ས་ལི་ལོང་ཀུའེ་ནས་སྤྱི་ལེ་150ཙམ་གྱི་སར་གནས་པའི་ལི་ས་ས་ཆི་རྫོང་དུ་སྐྱོད་སྐབས། ལམ་ཕྱེད་ཀ་ཚང་མ་ཆར་པས་བརླན་ནས་འདམ་བག་ཏུ་གྱུར་ཡོད་པ་དང་དེ་གར་འབྱོར་སྐབས་རླངས་འཁོར་རྦད་དེ་འདམ་པས་ཁེངས། ལི་ས་ས་ཆི་རྫོང་ཞིང་ལས་ལག་རྩལ་ཁྱབ་གདལ་ས་ཚིགས་ཀྱི་ཕྱི་རོལ་གྱི་གཞི་ཁྱོན་ཆེ་བའི་ཚོད་ལྟའི་ཞིང་ཁ་སྔོ་ཐིང་ངེར་གནས། མ་རྨོས་ལོ་ཏོག་སྐྱེ་འཚར་བཟང་བ་དང་ཆར་རྗེས་ཀྱི་ཉི་འོད་འོག མ་རྨོས་ལོ་ཏོག་གི་ལོ་མ་སྣུམ་ཐིང་ངེར་གནས།
སྐེད་པ་དང་སྙོམས་པའི་མ་རྨོས་ལོ་ཏོག་གི་ཞིང་ནང་དུ་སའེ་མུའུ་ལས་ཀ་བྱེད་བཞིན་ཡོད་པ་རེད། ཁོང་གིས་ལག་ཏུ་ཁྲེ་ཙེ་སྒྲིལ་མ་ཁྱེར་ནས་ཚད་འཇལ་ཀྱིན་འདེབས་འཛུགས་ཀྱི་གྲངས་གཞི་བློ་རྩེ་གཅིག་སྒྲིམ་ངང་ཐོ་འགོད་ལས་ལ་གཞོལ་ཏེ་རྔུལ་ཆུའི་རྡོག་པོ་དཔྲལ་ཟུར་ནས་ལྷུང་ཡང་ཚོར་སྣང་བྱུང་མེད། སའེ་མུའུ་ཡིས་མིག་སྔར་བསྡུ་རུབ་བྱས་པའི་གྲངས་གཞིར་བལྟས་ན་ད་ལོའི་ཐོན་འབབ་ཀྱིས་སླར་ཡང་ཟིན་ཐོ་གསར་པ་གཏོད་རྒྱུ་རེད་ཅེས་བཤད།
མཱ་ལ་ཝེ་ནི་གོ་ལ་ཧྲིལ་པོའི་དར་རྒྱས་འགྲོ་འགོར་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་པ་དང་མི་འབོར་བཅུ་ཆ་དྲུག་ལྷག་ཙམ་ལ་འབྲུ་རིགས་མི་འདང་བའི་གནད་དོན་འཕྲད་ཡོད། ལོ་ཏོག་གི་ཐོན་འབབ་བཟང་དུ་ཕྱིན་པ་དེས་མི་དེ་བས་མང་བར་ལྟོ་གྲོད་པ་རྒྱགས་པ་ཞིག་བཟའ་རྒྱུ་ཡོང་བ་དང་ཡོང་འབབ་མང་དུ་འགྲོ་རྒྱུ་ཡིན་པ་མཚོན་གྱི་ཡོད། འོན་ཀྱང་། ས་རྒྱུ་ཞན་པ་དང་ནད་དང་གནོད་འབུའི་གནོད་འཚེ་སོགས་ཀྱི་དཀའ་གནད་ཀྱིས་ཐོག་མཐའ་བར་གསུམ་དུ་ས་གནས་དེ་གའི་ཞིང་ལས་འཕེལ་རྒྱས་ལ་ཚོད་འཛིན་བཟོ་གི་ཡོད། བསམ་བློར་འགྱུར་ལྡོག་གཏོང་ཐུབ་མིན་ནི་དཀའ་གནད་འདི་དག་སེལ་བའི་འགག་རྩ་རེད།
ཞིང་དུད་ཀྱིས“སྙིགས་རོ་ནོར་བུར”ཇི་ལྟར་སྒྱུར་དགོས་མིན་ཤེས་ཀྱི་མེད། སའེ་མུའུ་ཁྱིམ་ཚང་མི་རེ་ངོ་རེར་བསྐྱོད་དེ་ཁོང་ཚོར་ས་དོང་འདྲུས་ནས་སོག་མ་དང་རྩྭ་ངན་སོགས་དེའི་ནང་རུལ་དུ་བཅུག་ནས་སྐྱེ་ལྡན་ལུད་བཟོས་ཐོག ལུད་དེ་དག་ལ་བརྟེན་ནས་ས་བཅུད་སླེབས་ཐབས་སློབ་ཀྱི་ཡོད། སའེ་མུའུ་ཡིས་ཞིང་ཁར་ལུད་རྒྱག་པ་ནི་ཀྲུང་གོའི་སྲོལ་རྒྱུན་གྱི་རྨོ་འདེབས་ལག་རྩལ་གྱི་ནང་དོན་གལ་ཆེན་ཞིག་ཡིན་པ་དང་། སྔོན་ཆད་ཀྲུང་གོའི་ཞིང་པས་སྲོལ་རྒྱུན་གྱི་བྱེད་ཐབས་འདི་རིགས་ལ་བརྟེན་ནས་ས་རྒྱུ་ལེགས་བཅོས་དང་ས་རྒྱུ་སྲུང་སྐྱོང་བྱེད་ཀྱི་ཡོད། ད་ཆ་ཞིང་ཁར་ལུད་རྒྱག་པའི་ལག་རྩལ་དེ་མཱ་ལ་ཝེར་རིམ་བཞིན་ཁྱབ་གདལ་བྱུང་ཡོད་ཅེས་བཤད།
སའེ་མུའུ་ཡིས་མཉམ་དུ་ཁྱབ་གདལ་བཏང་བའི་ནད་དང་གནོད་འབུའི་གནོད་འཚེ་འགོག་བཅོས་ཀྱི་ཇུས་གཞི་ལས་ཞིང་དུད་ཚོར“སྔོན་འགོག་དེ་བཅོས་སྐྱོང་ལས་གལ་ཆེ་བའི”ཀྲུང་གོའི་བློ་གྲོས་ཤེས་སུ་བཅུག་ཡོད།
② ས་ཞིང་ལ“བརྟག་དཔྱད”བྱས་ནས་ཞིང་དུད་ཀྱིས་སྤྱོད་ཐུབ་པ་དང་ཤེས་ཐུབ་པ་བྱ་རྒྱུ་ནི་འགག་རྩ་རེད།
ཐོན་འཕར་འབབ་འཕར་ཡོང་བར་བྱེད་དགོས་ན་འདུ་ཤེས་ལ་འགྱུར་ལྡོག་གཏོང་རྒྱུ་ནི་གོམ་པ་དང་པོ་རེད། ཀྲུང་གོར་སོང་ནས་སློབ་སྦྱོང་ལོ་མང་བྱས་རྗེས། སའེ་མུའུ་ཡིས་ཚན་རིག་ལག་རྩལ་ནི་ཐོན་སྐྱེད་ནུས་ཤུགས་ཨང་དང་པོ་ཡིན་པ་དང་། མཱ་ལ་ཝེའི་ཞིང་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་དགོས་ན་སྔོན་ཐོན་གྱི་ཚན་རིག་ལག་རྩལ་ནང་འདྲེན་བྱེད་དགོས་པ། རགས་ལས་ནས་ཞིབ་ཚགས་ཕྱོགས་སུ་སྐྱོད་དགོས་པ་བཅས་གསལ་པོ་ཤེས་ཀྱི་ཡོད། སའེ་མུའུ་ཡི་སྐུལ་འདེད་འོག་ཀྲུང་གོ་ཞིང་ལས་སློབ་ཆེན་གྱིས་ཁྱབ་གདལ་ས་ཚིགས་ལ་སྔོན་ཐོན་གྱི་ཞིང་ལས་ལག་རྩལ་སྒྲིག་ཆས་ཁག་གཅིག་མཁོ་འདོན་བྱས་ཏེ། ས་གནས་དེ་གའི་ཞིང་ལས་གྲངས་འཛིན་ཅན་དང་འཕྲུལ་ཆས་ཅན་ལ་སྒྱུར་རོགས་བྱས་པ་རེད།
“དེ་སྔ་མ་རྨོས་ལོ་ཏོག་གི་སྡོང་རྐང་ཕྲ་ཞིང་རིང་ལ་འབྲས་བུ་རྡོག་ཆུང་བ་ལས་མེད་དོན་ནི་ཞིང་ནང་འཚོ་བཅུད་སྙོམས་པོ་མ་བྱུང་བས་རེད་ཅེས་སའེ་མུའུ་ཡིས་ངང་རྒྱུད་རིང་པོས་འགྲེལ་བཤད་བརྒྱབ་པས། ད་གཟོད་ཨའེ་སི་ཐཱ་ན་ཡི་བློ་སྒོ་ཡོངས་སུ་ཕྱེ་བ་རེད། འཆར་གཞི་གཞིར་བཟུང་ལུད་རྒྱག་སྟངས་ལེགས་སྒྲིག་བྱས་རྗེས་ལོ་ཏོག་གི་སྐྱེ་འཚར་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། གནས་ཚུལ་དེ་ཞིང་དུད་གཞན་དག་གིས་ཤེས་རྗེས་གཅིག་རྗེས་གཉིས་མཐུད་ངང་སའེ་མུའུ་བཙལ་ནས་ས་ཞིང་ལ་བརྟག་དཔྱད་བྱེད་རོགས་ཞེས་རེ་བ་བཏོན།
ཟླ་བ་ཁ་ཤས་གོང་། ཞིང་དུད་ཨན་ནཱ་ཁྱབ་གདལ་ས་ཚིགས་སུ་སའེ་མུའུ་འཚོལ་བར་ཡོང་ནས“ང་ཚོས་བཏབ་པའི་ལོ་ཏོག་ཚང་མ་ཕུང་གསོག་ཐེབས་ནས་སྐྱེས་ཡོད་པ་མ་ཟད། སྡོང་རྐང་ཕྲ་ལ་འབྲས་བུའང་རྡོག་ཆུང་ཆུང་རེད་འདུག”ཅེས་དཀའ་གནད་སེལ་ཐབས་སྐད་ཆ་དྲིས།
སའེ་མུའུ་ཡིས་ཀྲུང་གོ་ནས་ཐོན་པའི་སྤུས་ལེགས་སོན་འདེབས་འཕྲུལ་འཁོར་ཆུང་གྲས་སྤྱད་དེ། ཨན་ནཱ་དང་ཞིང་དུད་ཁ་ཤས་ལ་ས་བོན་འདེབས་སྟངས་བསླབས་པས། ས་བོན་སྤྱོད་ཚད་ཕྱེད་ཀ་ཙམ་གྲོན་ཆུང་ཐུབ་ཡོད། མི་མེད་གནམ་གྲུ་ནས་མར་བལྟས་ཚེ། ལྗང་མདོག་གི་མ་རྨོས་ལོ་ཏོག་དག་འཕྲེད་གཞུང་གཉིས་ལ་སྟར་དུ་ཆགས་ཡོད།
ད་ཆ་ལོ་ཏོག་བསྡུ་བའི་དུས་སུ་ཤིང་། ཨན་ནཱ་ཁྱིམ་གྱི་སྒོ་འགྲམ་གྱི་ལོ་ཏོག་སྐྱེ་འཚར་ལེགས་པ་དང་། ཨན་ནཱ་ཁྱིམ་གྱི་ཞིང་ཁ་དང་སོན་འདེབས་གནད་སྨིན་བྱས་མེད་པའི་ཞིང་ཁ་བསྡུར་ན་ཁྱད་པར་ཆེན་པོ་ཡོད་པས། ཨན་ནཱ་ཡིས་དགའ་ཚོར་ཆེན་པོས“དེ་ནི་སའེ་མུའུ་ཡིས་ང་ལ་འདེབས་རྩལ་བསླབས་པ་ལས་བྱུང་བ་ཞིག་རེད”ཅེས་བཤད།
③ ལག་རྩལ་དང་ཉམས་མྱོང་བེད་སྤྱོད་བྱ་རྒྱུ་ནི་ས་རྒྱུ་ལེགས་བཅོས་དང་ཐོན་འབབ་གོང་མཐོར་གཏོང་བའི་འགག་རྩ་རེད།
ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཚན་རྩལ་ཁང་གི་མཱ་ལ་ཝེའི་ཕྱི་སྦྱོང་སློབ་མས་ཚོགས་ཆུང་ཚན་པར་བྱས་ཏེ་ཞིང་ལས་ལག་རྩལ་ཁྱབ་གདལ་ས་ཚིགས་ཁག་ཏུ་ས་གནས་དེ་གའི་ཞིང་དུད་དང་མཉམ་ཟ་མཉམ་སྡོད་བྱས་ཡོད། ལི་ས་ས་ཆི་རྫོང་ཁྱབ་གདལ་ས་ཚིགས་སུ་སའེ་མུའུ་ལ་སྔ་རྗེས་སུ་སེམས་མཐུན་གྲོགས་པོ་4ངོ་ཤེས་ནས་རང་ཉིད་ཀྱི་ཚོགས་པ་བཙུགས་པ་རེད། ཁོང་ཚོ་ཚང་མ་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཚན་རྩལ་ཁང་གི་རྣམ་གྲངས་ཀྱི་རབ་འབྱམས་པ་ཤ་སྟག་ཡིན་པ་དང་། རྒྱུན་དུ་སའེ་མུའུ་ལ“གཅེན་པོ་རྒན་པ”ཞེས་འབོད་ཀྱི་ཡོད།
སའེ་མུའུ་ཚོགས་པས་ཞིང་དུད་ཀྱི་ས་ཞིང་ལ“ས་ཞིང་ཁག་གསུམ”གྱི་འཆར་གཞི་བཟོས་པ་སྟེ། ས་ཞིང་ཁག་3ལ་དབྱེ་ནས་མ་རྨོས་ལོ་ཏོག་བཏབ་ནས་འབྲུ་རིགས་གཙོ་བོར་བྱེད་པ་དང་། སྲན་ཆེན་བཏབ་ནས་དཔལ་འབྱོར་ལོ་ཏོག་ཏུ་བྱེད་པ། ས་ཞིང་ལྷག་མར་གཟན་རྩྭ་བཏབ་ཡོད། ཚོགས་པའི་ལས་བགོས་ཁ་གསལ་པོ་ཡོད་ཅིང་། ཞིང་འདེབས་ལ་བྱང་ཆུབ་པའི་ཨའེ་ཏེ་ཧྭ་དང་དབྱི་ལའེ་སཱ་ཡིས་ས་ཞིང་ཚད་འཇལ་གྱི་འགན་འཁུར་གྱི་ཡོད་པ་དང་། ཆེད་ལས་ཀྱི་རིགས་པའི་གཞུང་ལུགས་དང་ཚོད་ལྟའི་ལས་ཀ་དེ་ཞིང་ལས་ཉམས་མྱོང་ཅུང་ཞན་པའི་མན་ཏ་དང་ཁུའེ་ཨེན་གྱིས་ཞིང་དུད་དང་འབྲེལ་གཏུག་དང་འགྲེལ་བཤད་རྒྱག་རྒྱུའི་འགན་འཁུར་གྱི་ཡོད། སའེ་མུའུ་ཡིས་སྤྱི་ཡོངས་ཀྱི་སྤྱི་འདོམས་མཐུན་སྦྱོར་གྱི་འགན་ཁུར་ནས་འཆར་འགོད་དེ་ནུས་ཆེའི་མཉམ་ལས་ཁྲོད་དོན་འཁྱོལ་ཐུབ་པར་བྱེད་ཀྱི་ཡོད།
ད་ཆ་ལི་ས་ས་ཆི་རྫོང་ཁྱབ་གདལ་ས་ཚིགས་ཀྱིས“ཚན་རྩལ་ཞིང་པ”120བསྡུས་ཡོད་པ་དང་རབ་འབྱམས་པ་4ཡིས་དུད་ཚང་30ལ་འབྲེལ་མཐུད་དང་མཛུབ་ཁྲིད་བྱེད་ཀྱི་ཡོད།
མ་ལ་ཝེའི་ཚན་རྩལ་ཁང་གི་སློབ་མ་འབུམ་རམས་པ་གཅིག་པུ་དེ་ཡིན་པའི་སའེ་མུའུ་ཡིས་རྟག་ཏུ་གཅིག་པུར་སྤྱི་ལེ་བརྒྱ་ཕྲག་ཁ་ཤས་རླངས་འཁོར་བཏང་ནས་ཐུའུ་ཆི་ལ་རྫོང་གི་ཁྱབ་གདལ་ས་ཚིགས་དང་མུའུ་ཙུའུ་ཙུའུ་རྫོང་གི་ཁྱབ་གདལ་ས་ཚིགས་སུ་ཕར་འགྲོ་ཚུར་འོང་བྱས་ཏེ་སྔོན་ཐོན་ཉམས་མྱོང་དང་བྱ་ཐབས་སློབ་ཀྱི་ཡོད། ཁོང་གིས“ལི་ས་ས་ཆི་རྫོང་གི་ཚོགས་པར་ང་རང་སེམས་ཁྲལ་མི་འདུག ད་ཆ་ངས་སེམས་ཤུགས་དེ་བས་མང་བ་རྒྱལ་ཡོངས་རང་བཞིན་གྱི་ཞིང་ལས་ལག་རྩལ་ཁྱབ་གདལ་གཏོང་རྒྱུའི་ཐད་བཞག་ན་ཆོག་གི་འདུག”ཅེས་བཤད།
མཱ་ལ་ཝེའི་ཞིང་ལས་འཕེལ་རྒྱས་ཀྱི་རྣམ་པར་འགྱུར་ལྡོག་དངོས་སུ་གཏོང་བར་དུས་ཡུན་ག་ཚོད་དགོས་སམ། སའེ་མུའུ་ཡིས་ད་དུང་གནད་དོན་དེར་བསམ་བློ་ཞིབ་ཕྲ་གཏོང་མྱོང་མེད་མོད། འོན་ཀྱང་། ཁོང་གིས“ས་ཞིང་གཅིག”ནས“ལེ་དབར་ཁྲིར”རྒྱ་སྐྱེད་སྐབས་ཁོང་ལ་རོགས་པ་དེ་བས་མང་བ་ཡོང་བའི་ཡིད་ཆེས་བརྟན་པོ་བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།