འགྲོ་ལམ་ཤར་གཏོང་ཐུབ་ནས་ཐོན་ལས་དར་ཞིང་རྒྱས། དམངས་སེམས་གཅིག་ཏུ་སྒྲིལ་ནས་རྣམ་པ་གསར་པ་མངོན།
ལྷ་ས་གྲོང་ཁྱེར་གྱིས་རང་བྱུང་གྲོང་ཚོ་8ཀྱི་ལམ་ཤར་གཏོང་ལས་གྲྭ་སྤུས་ཚད་མཐོ་པོས་ལག་བསྟར་བྱས་པ།
ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་ཞིང་འབྲོག་ཁུལ་གྱི་མང་ཚོགས་ཕྱིར་སྐྱོད་ཀྱི“མཐའ་མའི་འགག་གནད”ལ་དམིགས་ནས། རང་བྱུང་གྲོང་ཚོ་8ཀྱི་ཤར་གཏོང་ལས་གྲྭ་སྤུས་ཚད་མཐོ་པོས་ལག་བསྟར་བྱས་ཏེ། འགྲོ་ལམ་མང་ཚོགས་ཀྱི“སྒོ་འགྲམ”དུ་འགྲོ་ལམ་སྐྲུན་པ་དང་ཐོན་ལས་འཁོར་ཁང་བར་འགྲོ་ལམ་བསྐྲུན་ནས་འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་ཏན་ཏིག་བཏང་སྟེ། མང་ཚོགས་ལ་ཕྱིར་སྐྱོད་ཐད་སྟབས་བདེ་སྐྲུན་པ་དང་། ལས་ཞུགས་འགན་ལེན་བྱེད་པ། དམངས་འཚོ་ལེགས་སུ་བཏང་ནས། གྲོང་གསེབ་ཀྱི་གཞུང་ལམ་ཚང་མ་བདེ་སྐྱིད་ལྡན་པའི་འཚོ་བའི་ཕྱོགས་སུ་སྐྱོད་པའི“མྱུར་ལམ”དུ་གྱུར་ཡོད།
རང་བྱུང་གྲོང་ཚོར་ཤར་གཏོང་ཐུབ་པའི་ལས་གྲྭ་ནི་ལྷ་ས་གྲོང་ཁྱེར་གྱིས“ཡག་པོ་བཞིའི་གྲོང་གསེབ་ཀྱི་ལམ་བུ”འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བའི་དམངས་འཚོའི་རྣམ་གྲངས་གལ་ཆེན་ཞིག་རེད། ལས་གྲྭ་དེ་ལྷུན་གྲུབ་དང་། མལ་གྲོ་གུང་དཀར། ཆུ་ཤུར། སྙེ་མོ། འདམ་གཞུང་། སྟོད་ལུང་བདེ་ཆེན་སོགས་རྫོང་དང་ཆུས་ལ་ཁྱབ་ནས། ཐག་རིང་ལུང་ཁུག་གི་གྲོང་ཚོའི་ཚོགས་ཆུང་གི་ལམ་སྣེ་ཆད་པ་དང་བཅུར་འགག་ལམ་གཙོ་གནད་ཐོག་ཤར་གཏོང་ཐུབ་པར་བྱས་ཏེ། གྲོང་གསེབ་ཀྱི་གཞུང་ལམ་ཤར་གཏོང་ཐུབ་ཚད་དང་བདེ་འཇགས་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་ཡོད།
“དེ་སྔ་ལམ་ཡག་པོ་མེད་པའི་དབང་གིས་ཕྱིར་འགྲོ་དཀའ་བ་དང་། དངོས་ཟོག་དབོར་དཀའ་བ། ལས་ཀ་བྱེད་དཀའ་བ་བཅས་ཡོད། དེ་སྔ་ལམ་ཡག་པོ་མེད་པའི་དབང་གིས་མང་ཚོགས་ཕྱིར་སྐྱོད་སྐབས་དུས་ཚོད་རིང་པོ་འགོར་བ་དང་། ཉེན་ཁ་ཆེ་བ། སློབ་མ་སློབ་གྲྭར་འགྲོ་བ་དང་། རྒན་རྒོན་སྨན་པ་བསྟེན་པར་འགྲོ་བ། དངོས་ཟོག་སྐྱེལ་འདྲེན་བྱེད་པ་བཅས་ཚང་མར་བལྟོས་བཅས་ཀྱི་ཚོད་འཛིན་ཕོག་གི་ཡོད། གཞུང་ལམ་ཤར་གཏོང་ཐུབ་རྗེས་གྲོང་གསེབ་ཀྱི་ལམ་དྲ་སྦྲེལ་མཐུད་ཐུབ་པ་དང་། གྲོང་ཁྱེར་དང་གྲོང་གསེབ་དབར་གྱི་བར་ཐག་ཐུང་དུ་ཤུཌ་ཆེན་ཕྱིན་པ། དམངས་ལ་སྟབས་བདེ་སྐྲུན་པའི་རྒྱུན་བཙུགས་རླངས་འཁོར་གྲོང་སྡེར་ཐད་ཀར་འབྱོར་ནས་མང་ཚོགས་ཕྱིར་སྐྱོད་ཐད་དེ་བས་བདེ་འཇགས་ལྡན་པ་དང་། དེ་བས་སྟབས་བདེ་བ། དེ་བས་སྐྱིད་སྣང་དོད་པ་བཅས་བྱུང་ཡོད”ཅེས་སྟོད་ལུང་བདེ་ཆེན་ཆུས་དམར་གྲོང་རྡལ་གྱི་ཡུལ་མི་བསམ་གྲུབ་ཀྱིས་ལམ་ཤར་གཏོང་ཐུབ་པའི་འགྱུར་ལྡོག་མྱོང་ཚོར་ཟབ་མོས་བཤད།
རང་བྱུང་གྲོང་ཚོར་ཤར་གཏོང་ཐུབ་པའི་ལས་གྲྭས་གྲོང་གསེབ་ཀྱི་ཕྱིར་སྐྱོད་ལོ་རྒྱུས་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་མ་ཟད། མང་ཚོགས་ལ་དེ་བས་ལས་ཞུགས་འབབ་འཕར་གྱི་སྒོ་མོ་གསར་པའང་ཕྱེ་ཡོད། ལྷ་ས་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་དང་དོ་དམ་སྲུང་སྐྱོང་ལ་བརྟེན་ནས་ས་གནས་དེ་གའི་མང་ཚོགས་གཞུང་ལམ་འཛུགས་སྐྲུན་དང་། བདག་སྐྱོང་། གཙང་སྦྲ་སོགས་ཀྱི་ལས་གནས་སུ་བཅུག་སྟེ་མང་ཚོགས་རྣམས“སྒོ་རྩར”ལས་ཞུགས་ཐུབ་པ་དང“ལམ་བཟོས་ནས་དམངས་ལ་ཕན་འདོགས་པ་དང་ལམ་བཟོས་ནས་འབབ་འཕར་ཡོང་བར”བྱས་ཡོད།
འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་ཕྱིན་པ་ལས་ཁྱད་ལྡན་ཐོན་ལས་ལའང་གོ་སྐབས་གསར་པ་ཐོབ་ཅིང་། དེ་སྔའི“རི་ཁུག་ཏུ་གནས་པའི”ནས་དང་། ཚགས་ཤ། སྤོས། ལག་ཤེས་ཐོན་རྫས་སོགས་ཁྱད་ལྡན་ཐོན་ཟོག་རྣམས་ཤར་གཏོང་ཐུབ་པའི་ལམ་དྲ་བརྒྱུད་གྲོང་གསེབ་ནས་ཐོན་ཏེ་ཁྲོམ་རར་ཁྱབ་གདལ་བཏང་བ་དང་། ཟོག་འགྲུལ་གྱི་མ་གནས་ཤུགས་ཆེན་ཆག་ནས་ཕྱིར་ཚོང་ཐབས་ལམ་མུ་མཐུད་རྒྱ་སྐྱེད་ཐུབ་ཡོད།
སྟབས་བདེའི་འགྲིམ་འགྲུལ་གྱིས་གྲོང་གསེབ་ཡུལ་སྐོར་དང་། དམངས་སྲོལ་གནས་ཚང་གི་དཔལ་འབྱོར། ཞིང་སྡེའི་ཉམས་ལེན་སོགས་ལས་རྣམ་གསར་པའང་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་ཐུབ་སྟེ། མང་ཚོགས་མང་པོར“ཡུལ་སྐོར་ཡོང་འབབ”དང“ཐོན་ལས་ཡོང་འབབ”བྱུང་བ་མ་ཟད། “འགྲིམ་འགྲུལ་གྱིས་ཐོན་ལས་ལ་སྐུལ་ཁྲིད་དང་། ཐོན་ལས་ཀྱིས་ལས་ཞུགས་ལ་འདེགས་སྐྱོར། ལས་ཞུགས་ལས་མང་ཚོགས་ཕྱུག་པོར་འགྱུར་བ”བཅས་ཀྱི་འཁོར་རྒྱུག་བཟང་པོ་ཆགས་ནས་གྲོང་གསེབ་དར་རྒྱས་ཡོང་བར་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
འགྲོ་ལམ་ཤར་གཏོང་ཐུབ་ནས་ཐོན་ལས་དར་ཞིང་རྒྱས། དམངས་སེམས་གཅིག་ཏུ་སྒྲིལ་ནས་རྣམ་པ་གསར་པ་མངོན། ལྷ་ས་གྲོང་ཁྱེར་གྱི་རང་བྱུང་གྲོང་ཚོ་8ཀྱི་ལམ་ཤར་གཏོང་ལས་གྲྭས་ལམ་བུ་འབྲེལ་ཐག་ཏུ་བྱེད་པ་དང་མི་དམངས་ལྟེ་བར་བྱས་ཏེ། སྟབས་བདེ་དང་། འབབ་འཕར། དྲོ་སྐྱིད་བཅས་མང་ཚོགས་ཀྱི་སྒོ་རྩར་སྐྱེལ་བ་དང་མང་ཚོགས་ཀྱིས་ཚོར་ཐུབ་པར་བྱས་ནས་གངས་ལྗོངས་ས་མཐོར་ཐོན་ལས་ཀྱི་ལམ་བུ་དང་། ཕྱུག་འགྱུར་གྱི་ལམ་བུ། བདེ་སྐྱིད་ཀྱི་ལམ་བུ་བཅས་བཏོད་ཡོད།
འབྲེལ་ཡོད་གསར་འགྱུར།