ད་ལོ་ལྷོ་ཁ་གྲོང་ཁྱེར་དུ་རྒྱལ་ཁབ་གཅིན་སྙི་ཟག་ཁུའི་ནད་ཚད་ལྡན་ཅན་གྱི་སྔོན་འགོག་ཚོད་འཛིན་ལྟེ་གནས་རྣམ་གྲངས་ཚོད་ལྟའི་ངང་ལག་ལེན་བསྟར་རྒྱུ་ཡིན་པ།
ཉེ་ཆར། གསར་འགོད་པར་རྒྱལ་ཁབ་གཅིན་སྙི་ཟག་ཁུའི་ནད་ཚད་ལྡན་ཅན་གྱི་སྔོན་འགོག་ཚོད་འཛིན་ལྟེ་གནས་(DPCC)རྣམ་གྲངས་ཀྱི་ཧུའུ་ནན་དང་བོད་ལྗོངས་སྤེལ་རེས་འབྲེལ་གཏུག་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཧུའུ་ནན་གྱི་སྨན་བཅོས་བོད་སྐྱོར་འབྲེལ་ཟམ་ལ་བརྟེན་ནས་རྣམ་གྲངས་དེ་ལྷོ་ཁ་གྲོང་ཁྱེར་དུ་སྔོན་ལ་ཚོད་ལྟའི་ངང་ལག་ལེན་བསྟར་རྒྱུ་མ་ཟད། རིམ་བཞིན་བོད་ཀྱི་ས་ཁོངས་ཡོངས་ལ་ཁྱབ་གདལ་བཏང་ནས་རང་ལྗོངས་ཀྱིས་གཅིན་སྙི་ཟག་ཁུའི་ནད་ཀྱི་ཐོག་མའི་གྲལ་བཤེར་དང་ཚད་ལྡན་དོ་དམ་བྱ་རྒྱུར་རོགས་རམ་བྱས་ཏེ“སྔ་ཙམ་དབྱེ་འབྱེད་དང་། སྔ་ཙམ་ཤེས་རྟོགས། སྔ་ཙམ་བརྟག་དཔྱད། སྔ་ཙམ་སྨན་བཅོས”བཅས་ཀྱི་དམིགས་ཚད་མངོན་འགྱུར་ཐུབ་པ་བྱ་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་གཅིན་སྙི་ཟག་ཁུའི་ནད་ཚད་ལྡན་ཅན་གྱི་སྔོན་འགོག་ཚོད་འཛིན་ལྟེ་གནས་ནི་ཀྲུང་ནན་སློབ་ཆེན་ཤང་ཡ་སྨན་ཁང་གཉིས་པས་སྣེ་ཁྲིད་པ་དང་རྒྱལ་ཁབ་ཀྱི་གཅོང་ནད་སྨན་བཅོས་སྔོན་འགོག་མཉམ་འདྲེས་སྲིད་ཇུས་ཀྱི་སྒྲོམ་གཞིའི་འོག་བཙུགས་པའི་རྒྱལ་ཡོངས་རང་བཞིན་གྱི་གཅིན་སྙི་ཟག་ཁུའི་ནད་འགོག་བཅོས་རྣམ་གྲངས་ཤིག་རེད། རྣམ་གྲངས་དེས་ཆ་འཕྲིན་ཅན་གྱི་ལས་སྟེགས་འདེགས་སྐྱོར་དུ་བྱས་ནས“རྒྱལ་ཁབ་དང་། ཞིང་ཆེན་རིམ་པ། གྲོང་ཁྱེར་དང་རྫོང་རིམ་པ། གཞི་རིམ”བཅས་རིམ་བཞིའི་མཉམ་འགུལ་སྔོན་འགོག་ཚོད་འཛིན་དྲ་རྒྱ་བཙུགས་ཏེ། ཚད་ལྡན་ཅན་གྱི་སྒོ་བསྟེན་སྨན་ཁང་བསྐྲུན་པ་བརྒྱུད“མི་ཚོགས་ཡོངས་ལ་ཁྱབ་པ་དང་། ནད་གཞིའི་བརྒྱུད་རིམ་ཧྲིལ་པོ་དོ་དམ། རྒྱུ་རྐྱེན་ཧྲིལ་པོར་དབྱེ་ཞིབ”བཅས་ཀྱི་སྔོན་འགོག་ཚོད་འཛིན་བྱེད་སྟངས་གསར་པ་གྲུབ་པར་སྐུལ་འདེད་གཏོང་གི་ཡོད་པ་རེད།
གཡོད་དབྱང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་ཚོགས་ཆུང་ཁག་བཅུ་གཅིག་པའི་ཁོངས་མི་དང་DPCCརྣམ་གྲངས་བོད་ལྗོངས་ས་ཁོངས་ཁྱབ་གདལ་གྱི་འགན་འཁུར་བ་དབྱིན་ཁྲན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གྲངས་དེ་2026ལོར་ལྷོ་ཁ་གྲོང་ཁྱེར་དུ་དངོས་སུ་ཚོད་ལྟ་ལག་བསྟར་བྱ་རྒྱུ་དང་འབྲེལ་རིམ་བཞིན་བོད་ལྗོངས་ཡོངས་ལ་ཁྱབ་རྒྱུ་རེད། རྣམ་གྲངས་དེས་རྒྱལ་ཁབ་རིམ་ངོས་ཀྱི་སྔོན་འགོག་དང་། ཚོད་འཛིན། དོ་དམ། སྨན་བཅོས་བཅས་གཞི་གཅིག་ཅན་གྱི་ཚད་གཞི་བཅུག་ནས་གཞི་རིམ་གྱི་གཅོང་ནད་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་ཆེ་རུ་ཏན་ཏིག་བཏང་སྟེ་ས་མཐོའི་མང་ཚོགས་དེ་བས་མང་བར་ཕན་པ་ཐོབ་པ་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།