རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ།
ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྤེལ་ཚུན། རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་། ཇུས་འགོད་ནན་ཏན་དང་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ་འཐབ་ས་དང་པོར་ཞབས་འདེགས་ཞུ་རིང་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་བཏང་བ་རེད།
ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གིས་སློབ་སྦྱོང་གི་གཞི་རྟེན་གསར་གཏོད་བྱས་ནས་སློབ་ཁང་ཞིང་ནང་དང་མུ་ཁར་སྤོས་ཏེ། ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་ཀྱིས་འཐབ་ས་དང་པོར་བསྐྱོད་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་ལག་ལེན་དངོས་ནས་ཐོག་མའི་བསམ་འདུན་རྟོགས་པ་དང་འགན་འཁྲི་འཁུར་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་སྟོན་ཕྱོགས་བཏོད་པ་རེད།
ལྷུན་གྲུབ་རྫོང་བྱང་ཁ་གྲོང་རྡལ་དུ་ཏང་ཡོན་གྱི་འཐུས་མིས་ལས་གནས་ལ་གཞི་ཚུགས་ཏེ“ཞིང་ནང་དུ་ཁས་ལེན”བྱས་ཏེ་ཏང་ལ་ལྷག་བསམ་རྣམ་དག་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་ཆབ་སྲིད་ཀྱི་ལངས་ཕྱོགས་སྔར་བས་བརྟན་དུ་བཏང་ཡོད། བསམ་བློའི་སྐུལ་སློང་དང་སོ་ནམ་གྱི་ལག་ལེན་ཟུང་འབྲེལ་བྱས་པ་བརྒྱུད། ཏང་ཡོན་ལས་བྱེད་པས་གཞི་རིམ་གྱི་འཐབ་ས་དང་པོར“སུའི་ཆེད་སྲིད་དོན་ལས་རྗེས་འཇོག་པར”གོ་བ་གཏིང་ཟབ་ལེན་པ་དང་རིན་ཐང་གི་ཚད་གཞི་དག་བཅོས་བྱས་ཡོད། ཏང་ཡོན་ལས་བྱེད་པ་ཞིང་ནང་དང་མུ་ཁར་བསྐྱོད་དེ་དཔྱིད་རྨོད་ཐོན་སྐྱེད་ནང་ཞུགས་ནས་ཞིང་འབྲོག་ལག་རྩལ་མི་སྣས་ས་ཡུལ་དངོས་སུ་ཚན་རིག་དང་མཐུན་པའི་འདེབས་འཛུགས་དང་ཞིང་འཕྲུལ་བཀོལ་སྤྱོད་སོགས་ཉེར་སྤྱོད་ཞིང་ལས་ལག་རྩལ་སློབ་ཁྲིད་བྱས་པ་དང་ཆབས་ཅིག ལྷུན་གྲུབ་རྫོང་ཁྲིམས་འཛིན་ཅུས་དང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སོགས་ཚན་པས་མཉམ་འབྲེལ་ཐོག་ཁྲིམས་སྐྱོང་དྲིལ་བསྒྲགས་དང་ཁེ་དབང་སྲུང་སྐྱོང་ཐད་མཛུབ་ཁྲིད་བྱས་ཐོག གྱོད་དཔེས་ཁྲིམས་འགྲེལ་བྱས་ནས་ཞིང་ལས་དང་འབྲེལ་བའི་རྩོད་གཞི་བསལ་བས་མང་ཚོགས་ཀྱི་འཕྲལ་མཁོ་དང་། སེམས་ཁྲལ། དཀའ་ངལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཡོད།
མངའ་རིས་ས་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་ཆེད་དོན་སློབ་སྦྱོང་འཛིན་གྲྭ་གཉེར་ནས། མི་སྒེར་གྱིས་རང་སྦྱོང་དང་། དྲང་ལྡོག་དཔེ་མཚོན་ལ་གཞིགས་ནས་སློབ་གསོ་གཏོང་བ། སྤེལ་རེས་དང་བགྲོ་གླེང་ཟུང་དུ་འབྲེལ་བ་བཅས་ཀྱི་བྱེད་ཐབས་སྤྱད་དེ་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱས་པ་དང་།《ཇི་སྲིད་བར་གནས་པའི་ཁུང་ཧྥན་སེན》དང་ཉེན་གཏོང་སློབ་གསོའི་པར་གཞི《གངས་རིའི་འདབས་ཀྱི་འགྱོད་བཤགས》མཉམ་དུ་བལྟས་པ། དྲང་ཕྱོགས་ཀྱི་དཔེ་མཚོན་གྱིས་སྣེ་ཁྲིད་དང་ལྡོག་ཕྱོགས་ཀྱི་གྱོད་དཔེས་ཉེན་བརྡ་བཏང་ནས། ཏང་ཡོན་ལས་བྱེད་པས་ཁ་ཕྱོགས་གསལ་པོ་ཤེས་པ་དང་མཐའ་ཚད་བརྟན་པོ་སྲུང་བར་ཁྲིད་སྟོན་བྱས་ཡོད། མངའ་རིས་ས་ཁུལ་མ་འཇོག་སྐུལ་སྤེལ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་ལུའུ་ཆིང་ཧྲན་གྱིས་བགྲོ་གླེང་བྱེད་སྐབས། འཕྲལ་བདེ་འཕྲལ་ཕན་གྱི་བསམ་བློ་མཐའ་གཅིག་ཏུ་དོར་ནས་ལས་དོན་མཐའ་དག་ལ་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་དམངས་འཚོའི་དོན་དངོས་བསྒྲུབ་དགོས་ཞེས་བཤད་པ་རེད།
གཞིས་རྩེ་གྲོང་ཁྱེར་གྱིས་སློབ་སྦྱོང་སློབ་གསོ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་རྫོང(ཆུས)ཁག་དང་སྡེ་ཚན་ཁག་གིས་སྦྱོང་བཤེར་བཅོས་གསུམ་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་བ་རེད། ས་དགའ་རྫོང་གིས་ཡུན་རིང་བདེ་འཁོད་དང་། དམངས་འཚོའི་བདེ་རྩ། ལྗང་མདོག་འཕེལ་རྒྱས། མཐའ་མཚམས་བརྟན་ལྷིང་བཅས་ཀྱི་སྲིད་དོན་ལས་རྗེས་ལ་ཞིབ་བཤེར་གསལ་པོ་བྱས་པ་དང་། གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་མངོན་གསལ་དོད་པའི་གནད་དོན་ལ་ཞིབ་བཤེར་བྱས་ཏེ“མཐོ་གཉིས”ཀྱི་རྣམ་གྲངས་དང་། “ངོ་སོའི་འདུ་འགོད”སོགས་ཀྱི་གནད་དོན་བཅོས་སྒྲིག་བྱས་ནས་ཐབས་ཇུས་དཔྱད་ཞིབ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། མང་ཚོགས་ཀྱི་ལམ་ཕྱོགས་ཐོག་ཡག་པོ་སྐྱོད་པ། དམངས་འཚོའི་བྱ་བ་དངོས་ཐག་གཅོད་ཏན་ཏིག་བྱེད་པ་བཅས་བྱས་ནས་དག་ཐེར་གྱི་ཕན་འབྲས་དངོས་ལ་འགན་ལེན་བྱས་པ། གྲོང་ཁྱེར་ལས་ཁུངས་ལས་དོན་དོ་དམ་ཅུས་ཀྱིས“དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞབས་ཞུ་ལེགས་སུ་གཏོང་བ། འཁོར་སྐྱོད་ལ་འགན་ལེན་བྱེད་པ། མ་གནས་དམའ་རུ་གཏོང་བ། ཉེན་ཁར་སྔོན་འགོག”བཅས་ཀྱི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་ཏེ། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་གིས་ལས་ཁུངས་ཀྱི་ལས་དོན་ལ་སྣེ་ཁྲིད་བྱེད་པའི་ལས་དོན་གྱི་རྣམ་པ་གསར་པ་བཏོད་ཡོད་པ་རེད།
མིག་སྔར། ལྗོངས་ཡོངས་སུ་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བཞིན་ཡོད་པ་དང་ས་གནས་ཁག་དང་སྡེ་ཚན་ཁག་གིས་སྒྲིག་འཛུགས་ཞིབ་ཚགས་དང་བཀོད་སྒྲིག་ཞིབ་ཕྲ་བྱས་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་སེམས་སུ་ཟུག་པ་དང་དོན་ཐོག་ཏུ་འཁྱོལ་བར་ཁྲིད་སྟོན་བྱས་ནས། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་ལས་སྒྲུབ་ལས་གཏོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་གསར་པར་ཟམ་མི་ཆད་པར་འགྱུར་བར་བྱེད་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།