གངས་ལྗོངས་ས་མཐོར་དཔྱིད་ཀྱི་དཔལ་ཡོན་བཞད། སྒོ་དབྱེའི་དཔལ་འབྱོར་ཡར་ངོའི་ཟླ་ལྟར་འཕེལ།
འདི་ལོའི་ཟླ་བ་དང་པོ་དང་གཉིས་པར་རང་ལྗོངས་ཀྱི་ཕྱི་ཕྱོགས་ཚོང་དོན་འགོ་ཚུགས་བཀྲ་ཤིས་བྱུང་བའི་སྐོར་བཀོད་པ།
ལྷ་སའི་ཕྱོགས་བསྡུས་སྒོ་ཁྲལ་མེད་ཁུལ་གྱི་ལྕགས་རིགས་རྩ་ཆེན་ལས་སྣོན་འཁོར་ཁང་དུ་སྐྱོད་སྐབས། ལས་དོན་མི་སྣ་བཀྲ་ཤིས་ཀྱིས་ལྟ་སྐུལ་ཚོད་འཛིན་གྱི་བརྙན་ཤེལ་སྟེང་གི་གྲངས་གཞིར་མཛུབ་མོ་འཛུགས་བཞིན་དུ“མ་ལག་གིས་རང་འགུལ་ངང་བསྡུར་བ་བྱེད་པ་དང་ཉེན་ཁ་ཡོད་མེད་བརྡར་ཤ་གཅོད་ཀྱི་ཡོད་པས། ལས་ཕྱོད་དེ་སྲོལ་རྒྱུན་གྱི་བྱེད་ཐབས་ལས་80%ཡན་མཐོ་རུ་ཕྱིན་ཡོད” འདི་ལོའི་ཟླ་བ་དང་པོ་དང་གཉིས་པར་ལྷ་སའི་ཕྱོགས་བསྡུས་སྒོ་ཁྲལ་མེད་ཁུལ་གྱི་དངོས་ཚན་ལས་སྣོན་རྣམ་གྲངས་ཀྱི་ཕྱིར་གཏོང་ནང་འདྲེན་ཉོ་ཚོང་གི་རིན་ཐང་སྒོར་དུང་ཕྱུར་7.13ཟིན་པ་དེས་སྤྱི་ཡོངས་ཀྱི་ཉོ་ཚོང་འཕར་བར་སྐུལ་ཁྲིད་ནུས་ལྡན་ཐུབ་ཡོད་ཅེས་གསར་འགོད་པར་བཤད།
ལྷ་ས་འགག་སྒོ་ལས་ཁུངས་ཀྱི་གྲངས་གཞི་གསར་ཤོས་ལས་མངོན་པར། འདི་ལོའི་ཟླ་བ་དང་པོ་དང་གཉིས་པར་རང་སྐྱོང་ལྗོངས་ཀྱི་དངོས་ཟོག་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་18.26ཟིན་པ་དེ་དུས་མཚུངས་ལས་15.4%འཕར་ཞིང་། ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་12.47དང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་5.78ཟིན་ནས། ཕྱི་ཕྱོགས་ཚོང་དོན་བརྟན་པོའི་ངང་འགོ་བཙུགས་ཐུབ་སྟེ། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་འགོ་འཛུགས་ལོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད་པ་རེད།
“སྒུལ་ཤུགས་གཉིས”ལས་ས་ཁོངས་འཕེལ་རྒྱས་ལ་མཐུན་སྦྱོར་བྱས་པ།
ཟླ་བ་དང་པོ་དང་གཉིས་པར་ལྷ་ས་གྲོང་ཁྱེར་གྱི་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་རིན་ཐང་སྒོར་དུང་ཕྱུར་12.88ཟིན་པ་དེ་དུས་མཚུངས་ལས་17.9%འཕར་བ་དེས་ལྗོངས་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་སྤྱིའི་རིན་ཐང་གི་70.5%བཟུང་བ་དང་སྒུལ་ཤུགས་གཙོ་བོའི་ནུས་པ་རྒྱུན་མཐུད་ནས་བཏོན་ཡོད།
དེ་བཞིན་གཞིས་རྩེ་གྲོང་ཁྱེར་གྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་5.29ཟིན་པ་དེ་དུས་མཚུངས་ལས་12.5%འཕར་བ་དེས་29%བཟུང་བས། “སྒུལ་ཤུགས”གཉིས་ཀྱིས་སྐུལ་བའི་རྣམ་པ་དེ་བས་བརྟན་དུ་ཕྱིན་ཡོད།
“གྲོང་ཁྱེར་དེ་གཉིས་ལས་གཅིག་གིས་འགག་གནད་ལ་བརྟེན་པ་དང་གཅིག་གིས་འགག་སྒོར་བརྟེན་ནས་སྒོ་མོ་འབྱེད་པའི་ལམ་བུ་མི་འདྲ་བར་བསྐྱོད་ཡོད” ཅེས་རང་སྐྱོང་ལྗོངས་ཚོང་དོན་ཐིང་ཕྱི་ཕྱོགས་ཚོང་དོན་ཁྲུའི་འགན་འཁུར་བས་ངོ་སྤྲོད་བྱས།
ལྟེ་བའི་གྲོང་ཁྱེར་ཡིན་པའི་ལྷ་ས་གྲོང་ཁྱེར་གྱིས་མཁའ་འགྲུལ་དང་ལྕགས་ལམ་གྱི་འགག་གནད་དང་ཕྱོགས་བསྡུས་སྒོ་ཁྲལ་མེད་ཁུལ་གྱི་ལས་སྟེགས་ལ་བརྟེན་པས། ལྗོངས་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་ཚོང་ཟོག་འདུ་འགྲེམས་ལྟེ་གནས་སུ་གྱུར་ཡོད། ཟླ་དང་པོ་དང་གཉིས་པར་ལྷ་ས་ཕྱོགས་བསྡུས་སྒོ་ཁྲལ་མེད་ཁུལ་དུ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་8.6ཟིན་པ་དེ་དུས་མཚུངས་ལས་34.1%འཕར་ཡོད། ཉེར་མཁོའི་དངོས་ཟོག་དང་ནུས་རྒྱུ་གསར་པའི་རླངས་འཁོར་སོགས་ཐོན་རྫས་དེ་དག་དེ་གར་དབོར་ཡོང་བ་དང་དེ་རྗེས་ཨེ་ཤེ་ཡ་ལྷོ་མའི་ཁྲོམ་རར་ཐད་ཀར་འབྱོར་གྱི་ཡོད་པ་རེད།
བོད་ནས་འགག་སྒོ་མང་ཤོས་ཡིན་པའི་གཞིས་རྩེ་གྲོང་ཁྱེར་ནས་ཉེ་ཆར་གཏམ་བཟང་ཞིག་གྲགས་པ་སྟེ། 2026ལོའི་རྒྱལ་ཡོངས་ཀྱི་རྒྱལ་སྒྲོལ་ཚོང་དོན་སྟབས་བདེ་ཅན་གྱི་ཆེད་དོན་བྱ་སྤྱོད་ཀྱི་ཚོད་ལྟའི་གྲོང་ཁྱེར་དུ་བདེ་བླག་ངང་ཚུད་དེ་རང་ལྗོངས་ནས་མཚན་སྙན་དེ་ཐོབ་པའི་གྲོང་ཁྱེར་དང་པོར་གྱུར་པ་དང་། 2026ལོའི་གནམ་ལོ་གསར་ཚེས་ལ་སྐྱིད་གྲོང་འགག་སྒོ་སླར་ཡང་ཤར་གཏོང་བྱས་པའི་ཟླ་དང་པོར་དངོས་ཟོག་གི་རིན་ཐང་སྒོར་དུང་ཕྱུར་4.03ཟིན་པ་དང་དངོས་ཟོག་དབོར་འདྲེན་བྱེད་ཚད་ཏུན་ཁྲི་1.35ཟིན་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གྲོང་ཁྱེར་དེ་ཡོངས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་དངོས་ཟོག་ཉོ་ཚོང་གི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་145ལྷག་ཙམ་ཟིན་པ་དེས་ལྗོངས་ཡོངས་ཀྱི་བསྡོམས་འབོར་གྱི་35.8ཟིན་ཡོད་པ་རེད།
ཨེ་ཤེ་ཡ་ལྷོ་མར་གཞི་ཚུགས་པས་མཐའ་མཚམས་དཔལ་འབྱོར་ཚོང་དོན་གྱི་འཕེལ་ཁ་བཟང་བ།
འདི་ལོའི་ཟླ་1པོར་ཀྲུང་གོའི་དོས་སྒམ་བླུགས་པའི་ཟོག་འདྲེན་རླངས་འཁོར་གཉིས་སྐྱིད་གྲོང་འགག་སྒོ་ནས་ཐད་ཀར་ནེ་པ་ལར་བདེ་བླག་ངང་བསྐྱོད་པ་དེ་ནི་རང་ལྗོངས་སུ་ཀྲུང་གོའི་དོས་སྒམ་རྣམ་པའི་ཟོག་འདྲེན་རླངས་འཁོར་གྱིས་རྒྱལ་སྒྲོལ་སྐྱེལ་འདྲེན་བྱེད་ཐེངས་དང་པོ་ཡིན་ཞིང་། དེ་ཐོག་ནས་ཀྲུང་གོ་དང་ནེ་པ་ལའི་རྒྱལ་སྤྱིའི་འགྲོ་ལམ་སྐྱེལ་འདྲེན་སྟབས་བདེ་ཅན་གྱི་ཆུ་ཚད་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད།
འགག་སྒོ་ཤར་གཏོང་ཐུབ་པས། ཚོང་ལས་སྐྱ་ནམ་རྒྱས། འདི་ལོའི་ཟླ་དང་པོ་དང་གཉིས་པར་ནེ་པ་ལ་འདི་ཉིད་རང་ལྗོངས་ཀྱི་ཚོང་དོན་རོགས་ཟླའི་གནས་བབ་ཨང་དང་པོར་བརྟན་པོའི་ངང་གནས་པ་དང་། ཕྱོགས་གཉིས་པོའི་དབར་གྱི་ཉོ་ཚོང་བྱེད་ཚད་དངུལ་འབོར་སྒོར་དུང་ཕྱུར་7.96ཟིན་པ་དེ་དུས་མཚུངས་ལས་44.9%འཕར་ནས་ལྗོངས་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་རིན་ཐང་བསྡོམས་འབོར་གྱི་43.6%བཟུང་ཡོད། རང་ལྗོངས་ཀྱིས་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་ལ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་བསྡོམས་འབོར་སྒོར་དུང་ཕྱུར་8.28ཟིན་པ་དེ་དུས་མཚུངས་ལས་43%འཕར་ནས་ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བ་རྒྱུན་མཐུད་ཟབ་ཏུ་ཕྱིན་ཡོད།
དེ་དང་ཆབས་ཅིག ནེ་པ་ལའི་ཀ་ཏ་མན་རྡུའི་ཕྱི་རྒྱལ་མཛོད་ཁང་གི་དུས་ཐེངས་གཉིས་པའི་འཛུགས་སྐྲུན་ལ་དུས་གཅིག་ཏུ་སྐུལ་འདེད་གཏོང་བ་དང་། ལྷ་སའི་ཕྱོགས་བསྡུས་སྒོ་ཁྲལ་མེད་ཁུལ་དང་མཉམ་དུ“ཁུལ་མཛོད་མཉམ་འགུལ”གྱི་རྣམ་པ་གྲུབ་པར་བྱས་ནས། “བོད་ཀྱི་ཁྱད་ལྡན་ཐོན་རྫས”དང“ཀྲུང་གོས་བཟོས་པ”ནུས་ཆེའི་ངང་ཨེ་ཤེ་ཡ་ལྷོ་མའི་ཁྲོམ་རར་འདོན་ཐུབ་པ་བྱ་རྒྱུ་རེད།
ལེགས་འདྲེན་ལེགས་གཏོང་ལས“བོད་ཀྱི་དམིགས་བསལ”འགྲན་རྩོད་ནུས་པ་མངོན་གསལ་དོད་དུ་ཕྱིན་པ།
ཟླ་2པར་འཇར་མན་ཧན་ནོ་ཝེའི་རྒྱལ་སྤྱིའི་ས་ངོས་བཏིང་སྒྲིག་གི་དངོས་ཟོག་འགྲེམས་ཚོགས་ཐོག་རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་རྒྱལ་རྩེའི་བཟོ་རིག་པ་བོད་རུམ་དང་ཁ་བ་ཅན་བོད་རུམ་སོགས་ས་མཐོའི་ཁྱད་ལྡན་ཐོན་རྫས་ཁག་5འགྲེམས་སྟོན་བྱས་པ་དང་། དངོས་རྫས་འགྲེམས་སྟོན་དང་། བཟོ་རྩལ་ངོམ་སྟོན། རིག་གནས་གསལ་འགྲེལ་བཅས་ཟུང་འབྲེལ་བྱས་པ་བརྒྱུད། ཕྱིར་གཏོང་དང་ཇུས་འགོད་ཀྱི་འདོད་མཐུན་མཉམ་ལས་ཀྱི་གྲོས་མཐུན་ཁག་19བཞག་པ་དང་། མངགས་ཐོ་སྒོར་ཁྲི་43.5དངོས་སུ་བཞག་པ་དེ་ནི་རང་ལྗོངས་ཀྱི་རིག་གནས་ཐོན་རྫས་མགྱོགས་མྱུར་ཕྱི་རྒྱལ་ལ་གཏོང་བའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད།
ཟླ་དང་པོ་དང་གཉིས་པར་རང་ལྗོངས་ཀྱི་རིག་གནས་ཐོན་རྫས་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་4.17ཟིན་པ་དེ་དུས་མཚུངས་ལས་ལྡབ་2.3འཕར་བ་དང་། འཛད་རྫས་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་9.89ཟིན་པ་དེ་དུས་མཚུངས་ལས་14.2%འཕར་ནས་ཕྱིར་གཏོང་ལ་སྐུལ་ཁྲིད་བྱེད་པའི་ཀ་རྟེན་སྟོབས་ཤུགས་སུ་གྱུར་ཡོད། ནང་འདྲེན་ཐད། འཛད་སྤྱོད་རིམ་སྤོར་བྱས་པ་དང་བསྟུན་ནས་འཛད་རྫས་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་0.61ཟིན་པ་དེ་དུས་མཚུངས་ལས་ལྡབ་1.9འཕར་བ་དང་། གློག་འཕྲུལ་ཐོན་རྫས་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་0.57ཟིན་པ་དེ་དུས་མཚུངས་ལས་0.5%འཕར་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།