དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • བཟོ་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་རིམ་རྩིས་བརྒྱབ་ན་མི་དམངས་ཤོག་སྒོར་དུང་ཕྱུར་ཆིག་སྟོང་ལྷག་ཙམ་ཟིན་ནས་ལས་ཞུགས་ལས་གནས་ལྔ་སྟོང་ཙམ་ཐད་ཀར་མཁོ་འདོན་བྱས་པ།

    མ་ཀྲུང་ཀོན་ཏན་ཐོན་ལས་གླིང་གི་རིན་ཐང་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཀྲང་ཉན་ཧྲེང་། པའེ་ཡོན་ཆི།   |     སྤེལ་དུས།  2026-04-04

    མ་ལེ་ཞི་ཡའི་ཤར་རྒྱུད་མཚོ་ངོགས་ཀྱི་ཆུ་གཏིང་ཟབ་པའི་གྲུ་ཁ་ཆེ་ཤོས་ཡིན་པའི་ཀོན་ཏན་གྲུ་ཁའི་གྲུ་ཚུགས་ཀྱི་གཞོགས་ཤིག་ཏུ་ཟོག་འདྲེན་བསྡོམས་རྩིས་ལས་རོགས་པ་ཧྥེ་སེར་གྱིས་སྙན་ཐོའི་རེའུ་མིག་ལ་ཅ་དངོས་བླུགས་པའི་གྲངས་གཞི་བྱང་ཆུབ་པའི་ངང་འགོད་བཞིན་འདུག ཁོང་གི་རྒྱབ་ཀྱི་ལས་སྒྲུབ་ཁུལ་དུ་ལས་བྲེལ་གྱི་རྣམ་པས་ཁེངས་པ་སྟེ། ལྗིད་འདེགས་འཕྲུལ་འཁོར་སྒོར་དབྱིབས་མས་དངོས་ཟོག་སྐྱེལ་འདྲེན་བྱེད་བཞིན་ཡོད་པ་དང་དབྲག་འཁོར་ཕར་འགྲོ་ཚུར་འོང་བྱེད་ཀྱི་ཡོད་ལ། གྲུ་ཁ་དང་ཐག་མི་རིང་བའི་སར་ལྗིད་ཐེག་རླངས་འཁོར་མཉམ་དུ་བཞག་ནས་ཀྲུང་མའི་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་ལྟེ་བའི་རྣམ་གྲངས་ཏེ། མ་ཀྲུང་ཀོན་ཏན་ཐོན་ལས་གླིང་དུ་སྔར་བཞིན་སྐྱོད་འགོ་ཚུགས།

    2025ལོའི་ཟླ་4པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མ་ལེ་ཞི་ཡར་རྒྱལ་དོན་འཚམས་འདྲི་གནང་སྐབས། མ་ལེ་ཞི་ཡའི་སྨྱན་སྦྱོར་ཐོག་སྤེལ་བའི་མཚན་འགོད་རྩོམ་ཡིག་ནང་མ་ཀྲུང་ཀོན་ཏན་ཐོན་ལས་གླིང་དུ་རིམ་རྩིས་བརྒྱབ་ན་མ་དངུལ་མི་དམངས་ཤོག་སྒོར་དུང་ཕྱུར་110ལྷག་ཙམ་བཏང་བ་དང་། གླིང་ཁུལ་དུ་ཞུགས་པའི་རྣམ་གྲངས་ཚང་མ་བསྐྲུན་ནས་ཐོན་ཚད་ལོན་རྗེས་ཡུན་རིང་གི་ལས་ཞུགས་ལས་གནས་མང་པོ་མཁོ་འདོན་ཐུབ་རྒྱུ་རེད་ཅེས་འཁོད་ཡོད། རྒྱལ་ཁབ་གཉིས་པོས་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་དཔེ་མཚོན་ཞིག་ཡིན་པའི་མ་ཀྲུང་ཀོན་ཏན་ཐོན་ལས་གླིང་གིས་ཚོང་དོན་དང་། རྨང་གཞིའི་འཛུགས་སྐྲུན། ས་ཁོངས་མཉམ་ལས་བཅས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཡོང་བར་སྐུལ་ཁྲིད་བྱེད་བཞིན་ཡོད། “ཉེ་བའི་ལོ་གཅིག་རིང་གླིང་ཁུལ་གྱི་འཕེལ་རྒྱས་རྣམ་པ་ཡག་པོ་རྒྱུན་འཁྱོངས་ཐུབ་པས་རྟོག་ཞིབ་དང་ངོ་འཕྲད་གྲོས་མོལ་བྱེད་མཁན་གྱི་མ་འཇོག་པ་ཇེ་མང་དུ་འགྲོ་བཞིན་ཡོད” གླིང་ཁུལ་གཉེར་སྐྱོང་གི་འགན་འཁུར་མཁན་བྱང་རྒྱུད་མཚོ་ཁུག་མ་རྐང་ཚོད་འཛིན(མ་ལེ་ཞི་ཡ)ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཡེ་ཅིང་ཐའོ་ཡིས། ལོ་13རིང་གི་འཕེལ་རྒྱས་བརྒྱུད་མ་ཀྲུང་ཀོན་ཏན་ཐོན་ལས་གླིང་གི་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་རིམ་རྩིས་བརྒྱབ་ན་མི་དམངས་ཤོག་སྒོར་དུང་ཕྱུར་1000ལྷག་ཙམ་ཟིན་ནས་ལས་ཞུགས་ལས་གནས་5000ཙམ་ཐད་ཀར་མཁོ་འདོན་བྱས་ཏེ་ས་ཁོངས་དཔལ་འབྱོར་འཕར་བར་སྐུལ་ཁྲིད་བྱེད་པའི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅེས་བཤད།

    ལྗང་མདོག་འཕེལ་རྒྱས་ནི་གླིང་ཁུལ་གྱི་ཐོན་ལས་བཀོད་སྒྲིག་གི་བཀྲག་མདངས་འཚེར་ས་ཞིག་ཡིན་ཞིང་། མ་ལེ་ཞི་ཡར་ས་འདྲེས་ཧ་ཡང་གཏེར་ཁའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་བསྐྱར་སྐྱེས་ཧ་ཡང་བེད་སྤྱོད་དང་སྔོན་ཐོན་བཙོ་སྦྱངས་ཐད་ཀྲུང་གོར་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད། ཕྱོགས་གཉིས་པོའི་ལེགས་ཆར་བརྟེན་ནས་གླིང་ཁུལ་གྱིས་ལྗང་མདོག་ཧ་ཡང་རྒྱུ་ཆའི་འབྲེལ་ཡོད་ཐོན་ལས་བརྒྱུད་རིམ་ལྡན་པའི་སྒོ་ནས་ཇུས་བཀོད་བྱེད་པ་དང་། ཐོན་ཁུངས་གསར་སྤེལ་ལ་སྐུལ་འདེད་གཏོང་བ། ལས་སྣོན་ཞིབ་ཚགས་དང་འཁོར་རྒྱུག་བེད་སྤྱོད་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ་བཅས་བྱས་ནས་མ་བཅོས་རྒྱུ་ཆ“ས་གནས་དེ་གར་གཞན་སྒྱུར”དང་ཐོན་རྫས་རྩེར་སོན་དུ་འགྱུར་བར་སྐུལ་འདེད་བཏང་ཡོད།

    གླིང་ཁུལ་གྱི“མཉེན་པའི་འདེགས་སྐྱོར”གྱི་ནུས་པ་རིམ་བཞིན་མངོན་གསལ་དོད་དུ་ཕྱིན་ཞིང་། མཐུན་སྦྱོར་ཞབས་ཞུའི་ལྟེ་གནས་དང་མཉམ་ལས་རོགས་ཟླའི་ཐོན་ཁུངས་མཛོད་བསྐྲུན་པ་དང་བསྟུན་ནས་ཀྲུང་མ་རྒྱལ་ཁབ་གཉིས་ནས་ཡོང་བའི་ཆེད་ལས་སྒྲིག་གཞི་12དེ་གར་འཛོམས་ཏེ། ཁེ་ལས་ལ་མ་འཇོག་དང་། འཛུགས་སྐྲུན། འཁོར་ཡུན་ཧྲིལ་པོར་འཁོར་རྒྱུག་གི་དངུལ་རྩ། བཅའ་ཁྲིམས་དང་མི་ཤུགས་ཐོན་ཁུངས་འགན་ལེན་བཅས་མཁོ་འདོན་བྱས་ཡོད། ཐོན་ལས་དར་ཐུབ་པ་དང་ཁེ་ལས་གནས་ཐུབ་པ་བྱུང་བ་ལས་མ་ཀྲུང་ཀོན་ཏན་ཐོན་ལས་གླིང་འཕེལ་རྒྱས་ཀྱི་གཞི་རྩ་སྔར་བས་བརྟན་དུ་ཕྱིན་ཡོད།

    མ་ཀྲུང་ཀོན་ཏན་ཐོན་ལས་གླིང་གི་འཛུལ་སྒོའི་སྟེང་དུ་རིང་ཚད་ལ་སྤྱི་ལེ་12ཙམ་ཡོད་པའི་ལྗང་མདོག་བཀག་སྡོམ་རྣམ་པའི་སྦུག་ཐག་འཕྲུལ་འཁོར་ཞིག་བསྒྲིགས་ཡོད་པ་དེ་ནས་གཞུང་ལམ་བསྒྲལ་ཏེ་ཀོན་ཏན་གྲུ་ཁར་ཐད་ཀར་སླེབས་ཀྱི་ཡོད། ཀོན་ཏན་གྲུ་ཁ་ནི་མ་ལེ་ཞི་ཡའི་ཤར་རྒྱུད་མཚོ་ངོགས་དཔལ་འབྱོར་དམིགས་བསལ་ཁུལ་གྱི་སྒོ་མོ་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་། མ་ཀྲུང་ཀོན་ཏན་ཐོན་ལས་གླིང་གི་གཅིག་སྡུད་ཕན་འབྲས་དང་དེ་བཞིན་འབྲེལ་ཡོད་སྲིད་ཇུས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་གྲུ་ཁའི་དངོས་ཟོག་གྲུབ་ཆ་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ་དང་། སྤུས་ཚད་མཐོ་བའི་མ་བཅོས་རྒྱུ་ཆ་ཕྱིར་གཏོང་ནང་འདྲེན་གྱི་བསྡུར་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་པ། རྒྱུ་ཆ་གསར་པ་དང་རླངས་འཁོར་གྱི་ལྷུ་ལག་སོགས་འཕར་གཞི་གསར་པར་འགྱུར་བཞིན་ཡོད།

    “ཀྲུའུ་ཞི་ཞི་ཅིན་ཕིང་གིས་ན་ནིང་ཟླ་4པར་མ་ལེ་ཞི་ཡར་རྒྱལ་དོན་འཚམས་འདྲི་གནང་བ་དེ་ནི་རྒྱལ་ཡོངས་ཀྱིས་དོ་ཁུར་བྱེད་པའི་དོན་ཆེན་ཞིག་རེད”ཅེས་ཁའེ་ལིས་བཤད། མ་གཞི་ལུས་པོ་ཀོན་ཏན་དུ་ཡོད་མོད། འོན་ཀྱང་ཁོང་དང་ལས་རོགས་ཚང་མས་འབྲེལ་ཡོད་གནས་ཚུལ་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་པས་སྐུལ་ལྕག་ཆེན་པོ་ཐེབས་ཡོད། ཉེ་བའི་ལོ་གཅིག་རིང་། གླིང་ཁུལ་དུ་རྟོག་ཞིབ་བྱེད་པར་ཡོང་མཁན་མ་འཇོག་ཚོང་པ་མངོན་གསལ་དོད་པོས་མང་དུ་ཕྱིན་པས་ཁོང་གི་ལས་ཀ་དེ་བས་བྲེལ་འཚུབ་ཆེ་ལ་དོན་སྙིང་ལྡན་པར་གྱུར། ཀྲུང་གོར་གསོ་སྦྱོང་བྱེད་པར་ཐེངས་མང་ཡོང་པའི་ཉམས་མྱོང་ལས་ཁོང་གིས་ཀྲུང་གོའི་བཟོ་ལས་མ་ལག་ཉིན་བཞིན་འཐུས་སྒོ་ཚང་དུ་འགྲོ་བ་དང་གྲོང་ཁྱེར་འཕེལ་རྒྱས་ཀྱི་གསོན་ཤུགས་ཐད་ཀར་ཚོར་ཐུབ་པ་བྱུང་ཡོད། “མཉམ་ལས་དེ་བས་དམ་ཟབ་བྱུང་བ་དེས་ང་ལ་དེ་བས་ཡངས་ཤིང་རྒྱ་ཆེ་བའི་ལས་སྟེགས་མཁོ་འདོན་བྱས་པ་དང་རྒྱལ་སྤྱིའི་མཐོང་རྒྱ་ཆེ་རུ་ཕྱིན་པ་མ་ཟད། མ་ལེ་ཞི་ཡའི་དཔལ་འབྱོར་ཕྱོགས་སྒྱུར་ཐད་ངའི་ཡིད་ཆེས་དེ་བས་ཆེ་རུ་ཕྱིན་སོང”ཞེས་ཁའེ་ལིས་བཤད།

    ཐོན་ལས་གླིང་དར་རྒྱས་གོང་འཕེལ་བྱུང་བ་ནས་གཞོན་ནུ་ཤེས་ལྡན་པ་ཕྱིར་ལོག་ནས་གཞིས་ཚུགས་པའི་བར་དང་། དེ་ནས་དུས་ཆེན་རིང་གི་བརྩེ་བ་ཟབ་པའི་མཉམ་འཛོམས་བར་ཀྲུང་མའི་མཉམ་ལས་ཀྱི་གྲུབ་འབྲས་དེ་མཐོང་ཐུབ་པ་དང་རེག་ཐུབ་པའི་ཐོབ་སྣང་ཞིག་ཏུ་གྱུར་ནས། ས་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་ཡོད་ལ། རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་ཀྱི་རྨང་གཞི་དེ་བས་བརྟན་དུ་ཕྱིན་པ་དང་རི་ཀླུང་བརྒལ་བའི་མཛའ་གྲོགས་དེ་བས་ཟབ་ཏུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།